མདོ་ལ་རྫོང་གིས་བྱེད་ཐབས་སྣ་མང་སྤྱད་དེ་སློབ་སྔོན་སློབ་གསོའི་ཀུན་ཕན་འཕེལ་རྒྱས་བྱ་བར་སྐུལ་འདེད་བཏང་།
2020.05.11 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 33

ཉེ་བའི་ལོ་ཤས་རིང་། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མདོ་ལ་རྫོང་གིས་སློབ་སྔོན་སློབ་གསོའི་འཕེལ་རྒྱས་ཀྱི་ཁ་ཕྱོགས་ཡང་དག་དམ་འཛིན་ནན་མོ་བྱས་ཏེ། “སློབ་སྔོན་སློབ་གསོ་ཡག་པོ་གཉེར་བ་དང་། བྱིས་པར་སྐྱོང་མཁན་ཡོད་པར”བྱེད་པའི་ལས་དོན་དེ་ཉིད། སློབ་གསོ་ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་དམངས་ཚིས་ལེགས་བཅོས་བྱེད་པའི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས། “ཁྱབ་རྒྱ་ཆེ་བ་དང་གཞི་རྩ་འགན་ལེན། སྤུས་ཚད་ལྡན་པ”བཅས་ཀྱི་སློབ་སྔོན་སློབ་གསོའི་སྤྱི་པའི་ཞབས་ཞུའི་མ་ལག་བཙུགས་ཏེ། སློབ་སྔོན་སློབ་གསོའི་བྱ་གཞག་ལ་བརྟན་པོའི་ངང་སྐུལ་འདེད་བཏང་བར་བརྟེན། དུས་མཚམས་རང་བཞིན་གྱི་ཕན་འབྲས་ཐོབ་ཡོད།

མདོ་ལ་རྫོང་གིས་སློབ་སྔོན་སློབ་གསོ་འཕེལ་རྒྱས་ཀྱི་འགན་འཁྲི་གཙོ་བོ་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ཏེ། སྲིད་གཞུང་གིས་གཙོ་ཁྲིད་དང་འབྲེལ་ཡོད་སྡེ་ཁག་གིས་ལས་བགོས་འགན་འཁུར་བ། ཁུར་མཉམ་ལེན་དང་དོན་སྤྱི་སྒྲུབ་བཅས་ཀྱི་ལས་ཀའི་ལམ་སྲོལ་གཞིར་བཟུང་ནས། མདོ་ལ་རྫོང་གི་སློབ་སྔོན་སློབ་གསོའི་ལས་དོན་འགོ་ཁྲིད་ཚན་ཆུང་ཆེད་དུ་བཙུགས་ཏེ། རྫོང་ཡོངས་ཀྱི་རིམ་པ་སོ་སོའི་བུ་བཅོལ་ཁང་ཡང་དག་པའི་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་མཛུབ་ཁྲིད་བྱས། སློབ་སྔོན་སློབ་གསོ་ཁྱབ་གདལ་དུ་གཏོང་བ་དང་ཀུན་ཕན་དམིགས་ཚད་དང་འབྲེལ་ཡོད་ཀྱི་སྲིད་ཇུས་དོན་འཁྱོལ་བྱ་རྒྱུ་དེ་ཉིན་རེའི་གྲོས་རིམ་གལ་ཆེན་ཁྲོད་བཞག་སྟེ། སློབ་སྔོན་སློབ་གསོ་འཕེལ་རྒྱས་ཀྱི་འཆར་འགོད་དང་ལག་ལེན་འཆར་གཞི་བཟོས་ནས། སློབ་སྔོན་སློབ་གསོའི་དུས་མཚམས་ཁག་གི་འཕེལ་རྒྱས་ཀྱི་ལས་འགན་དང་གོ་རིམ། བྱ་ཐབས་བཅས་ཁ་གསལ་བཟོས། ཏང་གིས་སློབ་སྔོན་སློབ་གསོའི་བྱ་གཞག་ལ་སྣེ་ཁྲིད་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས། བུ་བཅོལ་ཁང་གི་ཏང་གི་རྩ་འཛུགས་དང་ཏང་གི་ལས་དོན་ཁྱོན་ཡོངས་ལ་ཁྱབ་པར་བྱས། རྫོང་དང་ཞང་། སྡེ་བ་བཅས་རིམ་པ་གསུམ་གྱི་བུ་བཅོལ་ཁང་ལ་ཚན་རིག་དང་མཐུན་པའི་འཆར་འགོད་དང་བཀོད་སྒྲིག་ལུགས་མཐུན་བྱས་ཤིང་། མིག་སྔའི་བར་རྫོང་ཡོངས་སུ་བུ་བཅོལ་ཁང27ཡོད་པའི་ནང་རྫོང་རིམ་པའི་བུ་བཅོལ་ཁང4དང་། ཞང་དང་གྲོང་རྡལ་རིམ་པའི་བུ་བཅོལ་ཁང7། སྡེ་བ་རིམ་པའི་བུ་བཅོལ་ཁང16བཅས་ཡོད་པར་མ་ཟད། ད་དུང་སློབ་ཁྲིད་ས་ཚིགས3ཡོད་པ་དང་། བུ་བཅོལ་ཁང་དུ་བྱིས་པ་སྟོང་གཅིག་བརྒྱད་བརྒྱ་གྱ་ལྔ་ཡོད་ཅིང་། རྫོང་ཡོངས་ཀྱི་སློབ་ལོ་མ་རན་པའི་བྱིས་པ་བུ་བཅོལ་ཁང་ནང་ཞུགས་ཚད93.1%ཟིན་པར་མ་ཟད། སློབ་ཞུགས་ཀྱི་ཚད་ལོ་རེ་བཞིན་མཐོ་རུ་ཕྱིན་ཡོད། སློབ་སྔོན་སློབ་གསོའི་འཕེལ་རྒྱས་འགན་ལེན་གྱི་མ་དངུལ་སྔོན་ལ་བཀོད་སྒྲིག་བྱས་ནས། 2019ལོར་སློབ་སྔོན་སློབ་གསོ་ལོ་ལྟར་ནོར་སྲིད་སྔོན་རྩིས་ནང་བཅུག་པའི་རིགས་ཁག་གི་གྲོན་དངུལ་དང་མི་སྣའི་གླ་ཕོགས་སོགས་སྒོར་བྱེ་བ་གཅིག་དང་ས་ཡ་བརྒྱད་འབུམ་བཞི་ཁྲི་ལྔ་སྟོང་བདུན་དྲུག་བརྒྱ་ཙམ་ཟིན་པ་དེས། ནོར་སྲིད་གཏོང་སྒོའི21.2%བཟུང་ཡོད། སློབ་གསོའི་དམངས་ཕན་སྲིད་ཇུས་ཁག་དོན་འཁྱོལ་ནན་ཏན་བྱས་པ་དང་། སློབ་གསོའི་ལག་ཁྱེར་ལྟ་སྐུལ་གྱི་སློབ་ཞུགས་རོགས་དངུལ་བཙུགས་པ། ལོ་ལྟར་སློབ་སྔོན་སློབ་གསོའི་བྱིས་པ་དབུལ་པོ30ལ་སློབ་ཞུགས་རོགས་དངུལ་སྒོར་ཁྲི་གཅིག་དང་སྟོང་ལྔ་བྱིན་ནས། བྱིས་པ་དབུལ་པོ་བདེ་ཐང་ངང་འཚར་ལོངས་ཡོང་རྒྱུར་རོགས་རམ་བྱས་ཡོད། ཉེ་བའི་ལོ་གསུམ་རིང་། རྫོང་མཁར་གྱི་བུ་བཅོལ་ཁང་གི“འཛིན་གྲྭ་ཆེ་ཤོས་ཀྱི་འཛིན་གྲྭའི”གནད་དོན་ཐག་གཅོད་ཏན་ཏིག་བྱ་ཆེད། མ་དངུལ་སྒོར་བྱེ་བ་གཅིག་དང་ས་ཡ་བདུན་ཁྲི་གཉིས་བཏང་ནས། འཛུགས་སྐྲུན་རྒྱ་ཁྱོན་གྱིས་སྨི་ངོས་སྙོམས་གྲུ་བཞི་མ་སྟོང་ལྔ་བརྒྱད་བརྒྱ་ལྔ་བཅུ་ཟིན་པའི་ཀྲུང་ཀྲོང་བུ་བཅོལ་ཁང་གསར་སྐྲུན་ལས་གཞི་དང་། མུ་རི་གྲོང་རྡལ་ལྟེ་བའི་བུ་བཅོལ་ཁང་བསྐྱར་སྐྲུན་རྒྱས་སྐྲུན་ལས་གཞི་ལག་ལེན་དུ་བསྟར་ནས། སློབ་སྔོན་སློབ་གསོ་སྤུས་ལེགས་ཀྱིས་མི་དམངས་མང་ཚོགས་ཀྱི་ཁ་ཚ་དགོས་གཏུགས་ཀྱི་དགོས་མཁོ་ཟམ་མི་ཆད་པར་བསྐངས་ཡོད།

མདོ་ལ་རྫོང་ཡོངས་ཀྱིས་སློབ་སྔོན་སློབ་གསོའི་དགེ་རྒན་དཔུང་སྡེ་འཛུགས་སྐྲུན་ལ་ཚད་མཐོའི་མཐོང་ཆེན་བྱས་ཏེ། “སློབ་ཁྲིད་གཉིས་དང་འགན་ལེན་གཅིག”གི་བཀོད་སྒྲིག་ཚད་གཞིར་བཟུང་སྟེ། རིམ་པ་གསུམ་ལ་བགོས་ནས་ལས་ཀ་འདྲ་མཚུངས་ལ་ཐོབ་ཆ་གཅིག་མཚུངས་ཡིན་པའི་བུ་བཅོལ་ཁང་གི་དགེ་རྒན151བསྡུས། ལྟ་སྦྱོང་ལས་གནས་དང་། རྒྱབ་སྐྱོར་གསུམ་དང་རོགས་སྐྱོར་གཅིག སྲིད་གཞུང་གི་ཉོ་སྒྲུབ་བྱེད་སྟངས་བཅས་བརྒྱུད་ནས། “སྐད་གཉིས”རིག་ཚན་སོགས་ཆེད་ལས་ཀྱི་དགོས་མཁོ་ཆེ་བའི་དགེ་རྒན16ཐག་གཅོད་བྱས་པ་དང་། ཀྲུང་ཀྲོང་བུ་བཅོལ་ཁང་དང་རྫོང་ཡོངས་ཀྱི་གཞི་རིམ་བུ་བཅོལ་ཁང་གསར་སྐྲུན་བྱེད་པར་དགེ་རྒན་གསར་པའི་དགོས་མཁོ་དང་ཟུང་འབྲེལ་བྱས་ནས། 2019ལོར་སྲིད་གཞུང་གིས་སྤྱི་པའི་ཞབས་ཞུ་ཉོ་སྒྲུབ་བྱེད་སྟངས་བརྒྱུད་དེ། བྱིས་པའི་དགེ་རྒན36གདན་ཞུ་བྱས་པ་དང་། རྫོང་ཡོངས་ཀྱི་དགེ་རྒན་དང་བྱིས་པའི་བསྡུར་ཚད1བསྡུར10རུ་ལོན་པས། རྒྱལ་ཁབ་ཀྱི་བཀོད་སྒྲིག་ཚད་གཞིར་ལོན་ཡོད། མིག་སྔར་རྫོང་ཡོངས་ཀྱི་བུ་བཅོལ་ཁང་4ཞིང་ཆེན་རིམ་པའི་བུ་བཅོལ་ཁང་གི་རེ་འདུན་ཚད་གཞིར་སླེབས་པ་དང་། བུ་བཅོལ་ཁང9བུ་བཅོལ་ཁང་གི་རེ་འདུན་ཚད་གཞི་རིགས་དང་པོའི་དམིགས་ཚད་དུ་སླེབས་ཡོད། བུ་བཅོལ་ཁང7བུ་བཅོལ་ཁང་རིགས་གཉིས་པའི་རེ་འདུན་དམིགས་ཚད་དུ་སླེབས་ཡོད། མི་སྲུང་དང་དངོས་སྲུང་། ལག་རྩལ་འགོག་སྲུང་བཅས་ཀྱི་ནུས་པ་ཆེ་རུ་བཏང་ནས། འཕྲོད་བསྟེན་བདེ་སྲུང་དང་འཕྲོད་བསྟེན་རིམས་འགོག བདེ་འཇགས་དོ་དམ། མཁོ་བསྟུན་འཕྲལ་སྡོམ་སོགས་འགན་སྲུང་ལམ་ལུགས་སྔར་ལས་འཐུས་ཚང་དུ་བཏང་ཡོད།

བན་དེ་སྐྱབས་ཀྱིས་བསྒྱུར།