མཚོ་སྔོན་ཞིང་ཆེན་གྱིས་ལས་བྱེད་པའི་མི་དོན་ཡིག་ཚགས་ལས་ཀའི་ལམ་ལུགས་ཁག7བཟོས་ནས་འཐུས་ཚང་དུ་བཏང་།
2020.05.11 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 41

ཉེ་ཆར། ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡིས་ལས་བྱེད་པའི་མི་དོན་ཡིག་ཚགས《རྒྱུ་ཆ་འཚོལ་སྡུད་དང་ལེགས་སྒྲིག་ཚགས་འཇུག་ལམ་ལུགས》ཞེས་པ་དང་། 《གསང་བ་སྲུང་བའི་ལམ་ལུགས》《བརྒྱུད་སྤྲོད་ལམ་ལུགས》《ཉར་ཚགས་ལམ་ལུགས》《ལས་ཀའི་ལས་གནས་འགན་འཁྲི》《ལས་དོན་མི་སྣའི་བསྲུང་བྱ》སོགས་ལམ་ལུགས་7བཟོས་ནས་པར་འགྲེམས་བྱས་ཏེ། མཚོ་སྔོན་ཞིང་ཆེན་གྱི་ལས་བྱེད་པའི་མི་དོན་ཡིག་ཚགས་ལས་དོན་ལམ་ལུགས་ཅན་དང་ཚད་ལྡན་ཅན། ཞིབ་ཚགས་ཅན་བཅས་སུ་འགྱུར་རྒྱུར་སྔར་ལས་སྐུལ་འདེད་བཏང་།

ལས་བྱེད་པའི་མི་དོན་ཡིག་ཚགས་ནི་ལས་བྱེད་པར་སློབ་གསོ་གསོ་སྐྱོང་དང་། འདེམས་སྒྲུག་བསྐོ་སྤྱོད། དོ་དམ་ལྟ་སྐུལ་བཅས་བྱེད་པའི་རྨང་གཞི་གལ་ཆེན་ཞིག་དང་། ལས་བྱེད་པ་དང་ཤེས་ལྡན་མི་སྣའི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོང་བྱེད་པའི་གཞི་འཛིན་ས་གཙོ་བོ། སྤྱི་ཚོགས་ཡིད་རྟོན་མ་ལག་གི་གྲུབ་ཆ་གལ་ཆེན། ཏང་གི་སྲིད་སྐྱོང་ཐོན་ཁུངས་གལ་ཆེན་བཅས་ཡིན། ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡིས་གཏན་འབེབས་བྱས་ནས་བཏོན་པའི་ལམ་ལུགས་ཁག་7གྱིས་ལས་བྱེད་པའི་མི་དོན་ཡིག་ཚགས་ཀྱི་འཛུགས་སྐྲུན་དང་དོ་དམ། བཀོལ་སྤྱོད་སོགས་ལྷུ་ཚིགས་གལ་ཆེན་མང་པོར་ཁྱབ་ཡོད་ཅིང་། ཡིག་ཚགས་ཀྱི་ནང་དོན་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་དང་། ཡིག་ཚགས་ཀྱི་རྒྱུན་ལྡན་དོ་དམ་ལ་ཤུགས་སྣོན་རྒྱག་རྒྱུ་གཙོ་གནད་དུ་བཟུང་བ། ལས་བྱེད་པའི་མི་དོན་ཡིག་ཚགས་རྒྱུ་ཆ་བསྡུ་རུབ་དང་ལེགས་སྒྲིག་བྱས་ནས་ཡིག་ཚགས་ནང་འཇུག་པ་དང་། ཞིབ་བཤེར(གཡར་བ)གསང་སྲུང་དང་བརྒྱུད་སྤྲོད། ཉར་ཚགས་སོགས་ཀྱི་ཐད་ལས་ཀའི་རྩ་དོན་ཁ་གསལ་བཟོ་བ་དང་། ལས་ཀའི་ཚད་གཞི་ཞིབ་ཚགས་སུ་གཏོང་བ། ལས་ཀའི་སྒྲིག་ཁྲིམས་ཇེ་དམ་དུ་གཏོང་བ། ལས་ཀའི་གོ་རིམ་ཚད་ལྡན་ཅན་དུ་གཏོང་བ་བཅས་བྱེད་པ་དང་དུས་མཚུངས་སུ། ལས་བྱེད་པའི་མི་དོན་ཡིག་ཚགས་ལས་དོན་གྱི་ལས་གནས་འགན་འཁྲི་དང་ལས་ཀའི་སྒྲིག་ལམ་སྔར་ལས་ཁ་གསལ་བཟོས་ནས། ལས་བྱེད་པའི་མི་དོན་ཡིག་ཚགས་ལས་དོན་དཔུང་སྡེ་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་ཆེད་ལམ་ལུགས་ཀྱི་གཞི་འཛིན་ས་མཁོ་འདོན་བྱས་ཡོད།

བན་དེ་སྐྱབས་ཀྱིས་བསྒྱུར།