མགོ་ལོག་བོད་རིགས་རང་སྐྱོང་ཁུལ་པད་མ་རྫོང་གིས་སྐྱེ་ཁམས་ཐོན་ཁུངས་དགེ་མཚན་ལ་རྒྱབ་བརྟེན་ནས། ནགས་ལས་ཐོན་ལས་འཕེལ་རྒྱས་སུ་བཏང་བ་དང་། ཧུར་ཐག་གིས་སྐྱེ་ཁམས་ཁོར་ཡུག་སྤུས་ཚད་ལེགས་བསྒྱུར་བྱས་ལ། དབུལ་སྐྱོར་ཐོན་ལས་ར་བའི་ཁུལ་དང་ཁྱད་ལྡན་ཐོན་ལས་ཀྱི་མ་དཔེ་གསར་བ་འཛུགས་སྐྲུན་བྱེད་པ། སྐྱེ་ཁམས་བྱ་དགའི་ཁ་གསབ་རྐྱེན་སྲོལ་ལག་བསྟར་བྱེད་པ། གློག་རྡུལ་ཚོང་དོན་འཕེལ་རྒྱས་སུ་གཏོང་བ་སོགས་ཀྱི་བྱེད་ཐབས་བརྒྱུད་དེ། སྐྱེ་ཁམས་ཐོན་ཁུངས་དགེ་མཚན་དེ་དཔལ་འབྱོར་འཕེལ་རྒྱས་ཀྱི་དགེ་མཚན་དུ་བསྒྱུར་བ་དང་། རྫོང་གི་གནས་ཚུལ་དང་མཐུན་པའི་རང་བྱུང་སྲུང་སྐྱོབ་ཁུལ་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དང་དབུལ་སྐྱོར་གསར་སྤེལ་མཐུན་སྦྱོར་འཕེལ་རྒྱས་སུ་གཏོང་བའི་ལམ་བུ་ཞིག་འཚོལ་ཞིབ་བྱས་ནས། དབུལ་ཕོངས་མང་ཚོགས་དབུལ་ཐར་ཕྱུག་བསྒྱུར་བྱེད་པར་སྐུལ་འདེད་བཏང་།
པད་མ་རྫོང་གིས་ཁེ་ལས་འབྲིང་ཆུང་གི་འཕེལ་རྒྱས་བར་སྟོང་རྒྱ་བསྐྱེད་པ་དང་། ས་གནས་ཀྱི་མི་རིགས་ཁྱད་ལྡན་ཐོན་ལས་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་ཆེད། རྫོང་ཁོངས་ཀྱི་ཐོན་ལས་རྨང་གཞི་ལ་རྐང་འཛུགས་པ་དང་། ཧྲང་ཧེ་རོགས་སྐྱོར་དང་ཞིང་ཆེན་རིམ་པའི་རོགས་སྐྱོར་སྟོབས་ཤུགས་གཅིག་ཏུ་བསྡུས་ནས། མ་དངུལ་སྒོར་དུང་ཕྱུར་གཅིག་དང་བྱེ་བ་ལྔ་བཏང་སྟེ་གཅིག་བསྡུས་སྒོས་རྫོང་མཁར་ནས་གསེར་མདོག་གི་རིག་གནས་དབུལ་སྐྱོར་ཐོན་ལས་ར་བའི་ཁུལ་དང་ལྗང་མདོག་ཞིང་ནགས་དབུལ་སྐྱོར་ཐོན་ལས་ར་བའི་ཁུལ། གསར་བརྗེ་གནས་སྐོར་དབུལ་སྐྱོར་ཐོན་ལས་ར་བའི་ཁུལ་འཛུགས་སྐྲུན་བྱས་པ་དང་། དབུལ་ཕོངས་ཁྱིམ་ཚང་བཞི་བརྒྱ་ལྷག་ཐོན་ལས་བཟོ་བར་བསྒྱུར་ནས། དབུལ་ཕོངས་མི་གྲངས་སྟོང་གཅིག་དང་བདུན་བརྒྱ་གོ་དྲུག་གི་ལོའི་ཡོང་སྒོ་སྒོར་བཞི་བརྒྱ་དང་གཉིས་ཇེ་མང་དུ་གཏོང་བར་སྣེ་ཁྲིད་བྱས།
དེ་དང་མཉམ་དུ། པད་མ་རྫོང་གིས་ཁེ་ལས་གཙོ་བོས་རྒྱབ་སྐྱོར་སྣེ་ཁྲིད་བྱེད་པ་དང་། ཐོན་ལས་ཕྲན་ཆུང་མང་པོ་སྐྱེད་སྲིང་བྱེད་པའི་ཐོན་ལས་དབུལ་སྐྱོར་མ་དཔེ་ལག་བསྟར་བྱས་པ་དང་། མུའུ་བརྒྱ་ཡི་སྔོ་ཚལ་དང་མུའུ་སྟོང་གི་ནས། མུའུ་ཁྲི་ཡི་བོད་ཇ་འདེབས་གསོ་རྟེན་གཞི་དང་ནོར་གནག་གསོ་སྤེལ། ཕྱུགས་ལས་ཐོན་རྫས་ལས་སྣོན་རྟེན་གཞི་འཛུགས་སྐྲུན་བྱས་ནས། སྡེ་བ་རེ་ལ་ཁྱད་ཆོས་རེ་དང་སྡེ་བ་གཅིག་ལ་ཚོང་རྟགས་གཅིག་ཡོད་པ་མངོན་འགྱུར་བྱས་པ་དང་། དེའི་ཁྲོད་དྲོད་ཁང་སྔོ་ཚལ་རྟེན་གཞི་གསུམ་དང་ནས་འདེབས་གསོ་རྟེན་གཞི་གསུམ། བོད་ཇ་རྟེན་གཞི་བཞི་བཅས་ཡོད་ལ། སྐྱེ་ཁམས་ཕྱུགས་ལས་མཉམ་ལས་ཁང་སོ་གཉིས་དང་ཕྱུགས་ལས་ཐོན་རྫས་ལས་སྣོན་མཉམ་ལས་ཁང་གསུམ་བཅས་བཙུགས།
པད་མ་རྫོང་གིས་རྩྭ་ཐང་སྐྱེ་ཁམས་རྐྱེན་སྲོལ་བྱ་དགའི་ཁ་གསབ་རྐྱེན་སྲོལ་ལག་བསྟར་བྱས་ཏེ། བསྡོམས་པས་སྐྱེ་ཁམས་སྤྱི་ཕན་རང་བཞིན་གྱི་ལས་རྐང་དོ་སྲུང་བ་སྟོང་གཉིས་དང་སོ་བདུན་བཀོད་སྒྲིག་བྱས་པ་དང་། 2019ལོར་བསྡོམས་པས་རིགས་མི་འདྲ་བའི་སྐྱེ་ཁམས་ཁ་གསབ་མ་དངུལ་སྒོར་བྱེ་བ་གསུམ་དང་ས་ཡ་གསུམ་འབུམ་གསུམ་ཁྲི་བཞི་སྟོང་དགུ་དགུ་བརྒྱ་བྱིན་ནས། དབུལ་ཕོངས་མི་གྲངས་སྟོང་གཅིག་དང་སུམ་བརྒྱ་ཞེ་གསུམ་དབུལ་ཐར་བྱེད་པར་སྣེ་ཁྲིད་བྱས་པ་དང་། སྐྱེ་ཁམས་སྲུང་སྐྱོབ་དང་གནད་ཕིགས་དབུལ་སྐྱོར་གཉིས་ཟུང་འབྲེལ་བཟང་བོ་བྱས།