མཚོ་སྔོན་ཞིང་ཆེན་གྱིས་བྱ་ཐབས་མང་པོ་སྤྱད་དེ་ཀུན་ཕན་རང་བཞིན་གྱི་དམངས་གཉེར་བུ་བཅོལ་ཁང་གི་དཀའ་ངལ་སེལ།
2020.06.21 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 49

ཉེ་ལམ་གསར་འགོད་པས་རྒྱུས་ལོན་བྱུང་བ་ལྟར་ན།མཚོ་སྔོན་ཞིང་ཆེན་གྱིས་བུ་བཅོལ་ཁང་གི་རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔྱིད་ཀའི་སློབ་དུས་ཀྱི་བུ་བཅོལ་ཁང་འཛུགས་པའི་ལས་ཀར་མཐོང་ཆེན་ཚད་མཐོན་པོ་བྱེད་པ་དང་བྱིས་པའི་ལུས་སེམས་བདེ་ཐང་ལ་འགན་ལེན་བྱེད་པ། དམངས་གཉེར་བུ་བཅོལ་ཁང་བརྟན་པོའི་ངང་འཕེལ་རྒྱས་གཏོང་ཆེད། བྱེད་ཐབས་མང་པོ་སྤྱད་དེ་ཀུན་ཕན་རང་བཞིན་གྱི་དམངས་གཉེར་བུ་བཅོལ་ཁང་གི་དཀའ་ངལ་སེལ་གང་ཐུབ་བྱས་ཡོད།

མཚོ་སྔོན་ཞིང་ཆེན་དུ་བུ་བཅོལ་ཁང་སྟོང་གཅིག་དང་བརྒྱད་བརྒྱ་བཅུ་དྲུག་ཡོད་པ་དང་། བུ་བཅོལ་ཁང་དུ་ཡོད་པའི་བྱིས་པ་འབུམ་གཉིས་དང་ཁྲི་གཅིག་སྟོང་བཞི་དགུ་བརྒྱ་ཡོད་ཅིང་། བུ་བཅོལ་ཁང་དེ་དག་ཏུ་ཁྱོན་བསྡོམས་དགེ་རྒན་དང་ལས་བཟོ་པ་ཁྲི་གཉིས་དང་སྟོང་གཅིག་ཉིས་བརྒྱ་ཡོད། སློབ་གྲྭ་འབྲིང་ཆུང་གི་རིམས་ནད་སྔོན་འགོག་ཚོད་འཛིན་དང་སློབ་འགོ་ཚུགས་པའི་ལས་ཀ་སྒྲིག་འཛུགས་བྱེད་པ་དང་དུས་མཚུངས་སུ། ཞིང་ཆེན་སློབ་གསོ་ཐིན་གྱིས་ཆེད་དམིགས་སྟོབས་ཤུགས་བཀོད་སྒྲིག་བྱས་ཏེ། དམངས་གཉེར་བུ་བཅོལ་ཁང་ཅུང་གཅིག་བསྡུས་ཡིན་པའི་ཟི་ལིང་གྲོང་ཁྱེར་དང་མཚོ་ཤར་གྲོང་ཁྱེར་དུ་སོང་ནས་ཆེད་དོན་རྟོག་ཞིབ་ཀྱང་བྱས། སློབ་གསོའི་སྲིད་འཛིན་སྡེ་ཁག་དང་བུ་བཅོལ་ཁང་གི་ཡོན་ཀྲང་། དགེ་རྒན་སོགས་རིམ་པ་མི་འདྲ་བའི་གམ་ནས། ས་གནས་ཁག་དང་བུ་བཅོལ་ཁང་ཁག་གི་རིམས་ནད་སྔོན་འགོག་ཚོད་འཛིན་དང་དེར་འཕྲད་པའི་དཀའ་ངལ་སོགས་ལ་རྟོག་ཞིབ་གནད་སྨིན་བྱས།བུ་བཅོལ་ཁང་ལ་དམིགས་གཏོད་པ་དང་། ལྷག་པར་དུ་ཀུན་ཕན་རང་བཞིན་གྱི་དམངས་གཉེར་བུ་བཅོལ་ཁང་ལ་འཕྲད་པའི་མངོན་གསལ་དོད་པའི་དཀའ་ངལ་དང་གནད་དོན་དེ་དག་ལ། ཞིང་ཆེན་སློབ་གསོ་ཐིན་གྱིས་འཕྲལ་དུ་གནད་དོན་ཐག་གཅོད་བྱེད་པའི་བསམ་ཕྱོགས་དང་ཇུས་གཞི་བཟོ་འགོ་བཙུགས་པ་དང་། ཞིང་ཆེན་ནོར་སྲིད་ཐིན་སོགས་འབྲེལ་ཡོད་སྡེ་ཁག་དང་འབྲེལ་མཐུད་ཧུར་ཐག་བྱས་ནས། བུ་བཅོལ་ཁང་གི་དཀའ་གནད་ལས་སྒྲོལ་བར་རོགས་རམ་བྱེད་པའི་བྱེད་ཐབས་ཞིབ་ཕྲ་ཞིབ་འཇུག་དང་འཐུས་ཚང་དུ་བཏང་བ་དང་། འབྲེལ་ཡོད་སྡེ་ཁག་དང་མཉམ་དུ་སྲིད་གཞུང་ལ་ཞིབ་འཇུག་བྱ་གཞིར་ཕུལ་མ་ཟད། སྲིད་གཞུང་གིས་གཅིག་གྱུར་འཆར་འགོད་དང་འབྲེལ་ཡོད་སྡེ་ཁག་གིས་མཉམ་འབྲེལ་ཐོག་སྐུལ་འདེད་གཏོང་བ། ཐབས་ལམ་མང་པོ་དང་སྟོབས་ཤུགས་གཅིག་སྒྲིལ་གྱིས་ཀུན་ཕན་རང་བཞིན་གྱི་དམངས་གཉེར་བུ་བཅོལ་ཁང་ལ་རོགས་རམ་བྱེད་པའི་ལས་ཀའི་རྣམ་པ་ཆགས་ཡོད་པར་མ་ཟད། གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད།

ལོ་ཙཱ་བ། བན་དེ་སྐྱབས།