མཚོ་སྔོན་ཞིང་ཆེན་གྱི་སྡེ་ཁག་མང་པོས་མཉམ་འབྲེལ་སྒོས་རྒན་གསོ་ཞབས་ཞུའི་ལས་ཁུངས་ཀྱི་ཉེན་ཁ་དང་རྟོག་སེལ་དང་དག་ཐེར་ལེགས་བཅོས་བྱེད་པའི་བྱ་བ་སྤེལ།
2020.06.27 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 14

བདེ་འཇགས་ཉེན་ཁ་ཆེན་པོ་འབྱུང་བར་བཀག་འགོག་བྱེད་པ་དང་། མེ་གསོད་བདེ་འཇགས་ཆེད་དོན་བཅོས་སྐྱོང་གི་ལོ་གསུམ་འགུལ་སྐྱོད་ཀྱི་འབྲེལ་ཡོད་བྱ་བའི་རེ་བ་ལྟར། ཉེ་ལམ། མཚོ་སྔོན་ཞིང་ཆེན་མེ་གསོད་མེ་འགོག་སྤྱི་ཁྱབ་རུ་ཁག་གིས་དམངས་སྲིད་དང་སྡོད་ཁང་འཛུགས་སྐྲུན་སོགས་སྡེ་ཁག་མང་པོ་དང་མཉམ་འབྲེལ་བྱས་ནས་རྒན་གསོ་ཞབས་ཞུ་ལས་ཁུངས་ཀྱི་ཉེན་ཁ་རྟོག་སེལ་དང་དག་ཐེར་ལེགས་བཅོས་བྱེད་པའི་བྱ་བ་སྤེལ།

ཐེངས་འདིའི་རྟོག་སེལ་དང་དག་ཐེར་ལེགས་བཅོས་བྱ་བའི་ཐད་ནས་ཕན་ཚུན་ལ་ཞིབ་བཤེར་བྱེད་པའི་རྣམ་པ་སྤྱད་དེ་སྤེལ་བ་དང་། ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་ཁུལ་སོ་སོའི་དམངས་སྲིད་དང་སྡོད་ཁང་འཛུགས་སྐྲུན། མེ་གསོད་སྡེ་ཁག་བཅས་ཀྱིས་བསྡོམས་པས་མཉམ་འབྲེལ་ཞིབ་བཤེར་ཚན་ཆུང་བརྒྱད་བཙུགས་ནས་དུས་ཡུན་ཟླ་གཅིག་རིང་གི་ས་ཁུལ་བརྒལ་བའི་ཕན་ཚུན་ཞིབ་བཤེར་བྱ་བ་སྤེལ། ཞིང་ཆེན་མེ་གསོད་མྱུར་སྐྱོབ་སྤྱི་ཁྱབ་རུ་ཁག་གིས་ཞིང་ཆེན་དམངས་སྲིད་ཐིན་དང་མཉམ་འབྲེལ་བྱས་ནས་ཞིང་ཆེན་ཡོངས་ཀྱི་རྒན་གསོ་ཞབས་ཞུ་སྡེ་ཁག་མང་པའི་ས་ཁུལ་དུ་སོང་ནས་ཆེད་དོན་རྟོག་ཞིབ་དང་ལྟ་སྐུལ་མཛུབ་སྟོན་བྱས། ཞིབ་བཤེར་བྱེད་སྐབས། ཁྲིམས་འཛིན་མི་སྣས་རྒན་གསོ་ལས་ཁུངས་ཀྱི་ཉེན་ཁ་ཆེན་པོའི་ཞིབ་བཤེར་དམིགས་ཚད་དང་བཅོས་སྐྱོང་གྲོས་གཞིའི་དམིགས་ཚད་བརྒྱ་དང་བཅོ་ལྔར་ཤན་སྦྱར་ནས། ལས་གཉེར་བྱེད་བཞིན་པའི་རྒན་གསོ་ཞབས་ཞུ་ལས་ཁུངས་སྐོར་ཞིག་གི་རྒྱལ་ཁབ་ཀྱི་བཟོ་སྐྲུན་མེ་གསོད་ལག་རྩལ་གྱི་ཚད་གཞི་དང་མི་མཐུན་པ་དང་། མེ་གསོད་བདེ་འཇགས་དོ་དམ་གྱི་རེ་བ་སྐོང་མི་ཐུབ་པ། མེ་གསོད་བདེ་འཇགས་ཀྱི་ཚད་གཞི་མི་ལོངས་པ་སོགས་ཀྱི་འབུར་ཐོན་གནད་དོན་ཐད་ནས་ཁྱོན་ཡོངས་ནས་ཞིབ་བཤེར་བྱས་པ་དང་། ཞིབ་བཤེར་ཚན་ཆུང་གིས་རྙེད་པའི་གནད་དོན་ལ་ཁ་གཏད་དེ། རིམ་པ་སོ་སོའི་མེ་གསོད་མྱུར་སྐྱོབ་ལས་ཁུངས་ཀྱིས་ལག་རྩལ་གྱི་རྒྱབ་སྐྱོར་འདོན་སྤྲོད་བྱས་པ་དང་། འབྲེལ་ཡོད་སྡེ་ཁག་དང་མཉམ་འབྲེལ་བྱས་ནས་དག་ཐེར་ལེགས་བཅོས་ཀྱི་བྱེད་ཐབས་ལ་ཞིབ་འཇུག་བྱས་ལ། མེ་གསོད་བདེ་འཇགས་ཐད་ཀྱི་ཉེན་ཁ་དང་བྱེ་བྲག་གི་བྱ་བའི་བསམ་ཚུལ་དེ་དུས་ཚོད་དང་པོའི་ནང་གྲོང་ཁྱེར་དང་རྫོང་རིམ་པ་གཉིས་ཀྱི་དམངས་སྲིད་སྡེ་ཁག་ལ་ཡར་ཞུ་བྱས་པ་མ་ཟད། ཉེན་ཁ་དང་དག་ཐེར་ལེགས་བཅོས། འགན་འཁྲི་བཅས་ཀྱི་གསལ་ཕྲ་གསུམ་འཛུགས་པར་སྐུལ་འདེད་བཏང་བ་དང་། མེ་གསོད་བདེ་འཇགས་གནས་བབ་ལྟར་ལྗིད་ཡང་དལ་བྲེལ་གྱི་རིམ་པ་བགོས་ནས། བསྒྱུར་བཀོད་ཁྱབ་ཁོངས་དང་གོ་རིམ་གཏན་ཁེལ་བྱས་པ་དང་། རིམ་པ་བགོས་ནས་ཉེན་ཁ་དག་ཐེར་ལེགས་བཅོས་བྱེད་པའི་བྱ་བ་ལག་བསྟར་བྱེད་རྒྱུའི་རེ་བ་བཏོན།

ལོ་ཙཱ་བ། རིན་ཆེན་མཚོ།