མཚོ་བྱང་ཁུལ་གྱིས་དངུལ་རྩའི་ཕྱོགས་བསྡུས་དངུལ་བསྲེས་ཞབས་ཞུ་སྟེགས་བུ་དངོས་སུ་བཀོལ་སྤྱོད་བྱེད་འགོ་བརྩམས།
2020.06.28 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 24

ཉེ་ལམ། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱིས་དངུལ་རྩའི་ཕྱོགས་བསྡུས་དངུལ་བསྲེས་ཞབས་ཞུ་སྟེགས་བུ་དངོས་སུ་བཀོལ་སྤྱོད་བྱེད་འགོ་བརྩམས། སྟེགས་བུ་བཙུགས་པ་ནི་མཚོ་བྱང་ཁུལ་ཏང་ཨུ་དང་ཁུལ་སྲིད་གཞུང་གི་དངུལ་རྩའི་བྱ་བའི་སྲིད་ཇུས་བཀོད་སྒྲིག་རབ་དང་རིམ་པའི་སྐོར་གྱི་མཚོན་བྱེད་དང་། མཚོ་བྱང་གི་དཔལ་འབྱོར་དངུལ་བསྲེས་འཕེལ་རྒྱས་སུ་གཏོང་བར་རྐང་བཙུགས་ཏེ། ཧུར་ཐག་གིས་དངུལ་བསྲེས་མཁོ་འདོན་རྒྱ་བསྐྱེད་པ་མངོན་འགྱུར་བྱེད་པའི་ཕན་ཡོད་བྱེད་ཐབས་ཡིན་ལ། གཏན་འཇགས་དྲུག་དང་འགན་སྲུང་དྲུག་ལ་ཤུགས་བསྣན་ནས་ལས་ཐོན་སླར་གསོ་ལ་སྐུལ་འདེད་གཏོང་བའི་དངོས་གཉེར་བྱེད་ཐབས་ཀྱང་ཡིན།

མཚོ་བྱང་ཁུལ་གྱི་དངུལ་རྩའི་ཕྱོགས་བསྡུས་དངུལ་བསྲེས་ཞབས་ཞུ་སྟེགས་བུས་ཞབས་ཞུ་གསུམ་གྱི་སྲོལ་རྒྱུན་དང་དགེ་མཚན་འདོན་སྤེལ་བྱེད་པར་རྐང་བཙུགས་ནས། ཕྱོགས་ཡོངས་ནས་དངུལ་རྩའི་ཞབས་ཞུ་སྔར་ལས་མང་པོ་འདོན་སྤྲོད་བྱེད་པ་དང་། ཞབས་ཞུའི་དྲ་རྒྱའི་འཛུགས་སྐྲུན་ལ་ཤུགས་སྣོན་པ། ལས་སྒོའི་ཁྱབ་ཁོངས་རྒྱ་བསྐྱེད་པ། དངུལ་བསྲེས་ལམ་བུ་ཇེ་ལེགས་སུ་བཏང་སྟེ། དར་རྒྱས་གོང་འཕེལ་དུ་གཏོང་རྒྱུ་ཡིན་པ་དང་། དངུལ་བསྲེས་སྣ་མང་ཅན་དུ་བསྒྱུར་བ་དང་། སྲོག་ཤིང་འགྲན་རྩོད་ནུས་པ་མཐོར་འདེགས་གཏོང་བ། དཔུང་སྡེའི་འཛུགས་སྐྲུན་ལ་ཤུགས་བསྣན་ནས། ཧུར་ཐག་གིས་སྟེགས་བུ་དེ་དེང་རབས་ཅན་གྱི་དངུལ་བསྲེས་ཞབས་ཞུ་སྟེགས་བུ་རུ་འཛུགས་སྐྲུན་བྱེད་རྒྱུ་རེད།

རྒྱུས་ལོན་བྱུང་བ་ལྟར་ན། 2019ལོའི་ཟླ་བཞི་བ་ནས་བཟུང་མཚོ་བྱང་ཁུལ་གྱིས་དངུལ་རྩའི་ཕྱོགས་བསྡུས་དངུལ་བསྲེས་ཞབས་ཞུ་སྟེགས་བུ་འཛུགས་སྐྲུན་བྱས་པ་དང་། དངུལ་རྩའི་ནོར་ཤུགས་ཐོན་ཁུངས་དང་དངུལ་ཁང་གི་ཡིད་རྟོན་དངུལ་བུན། ཉེན་ཁའི་དངུལ་གཏོང་། འགན་ལེན། ཉེན་སྲུང་དང་རིམ་པ་མང་བའི་མ་རྩའི་ཚོང་ར་བཅས་མཉམ་བསྲེས་བྱེད་པ་བརྒྱུད་དེ། དངུལ་བསྲེས་ལ་སྐུལ་འདེད་གཏོང་བའི་དྲ་ཐོག་སྟེགས་བུ་འཛུགས་སྐྲུན་བྱས་པ་མ་ཟད་དངོས་སུ་བཀོལ་སྤྱོད་བྱེད་འགོ་བརྩམས། དངུལ་རྩའི་ཕྱོགས་བསྡུས་མཉམ་བསྲེས་ཞབས་ཞུ་སྟེགས་བུ་རྒྱུན་མཐུད་ངང་བཀོལ་སྤྱོད་བྱས་པ་དེས། སྲོལ་རྒྱུན་དངུལ་རྩའི་ཞབས་ཞུ་ལས་སྒོའི་བརྒྱུད་རིམ་ཁྱོན་ཡོངས་ནས་ལེགས་བསྒྱུར་བྱེད་ཆོག་པ་དང་། དྲ་ཐོག་ནས་ཐེངས་གཅིག་ལ་ཞིབ་གཅོད་དང་ལས་རིམ་རིག་ནུས་ཆ་སྡེབས་མངོན་འགྱུར་བྱས་ལ། དངུལ་རྩའི་ཞབས་ཞུ་རང་བཞིན་མཐོར་འདེགས་བཏང་བ་དང་། ཆ་འཕྲིན་བསྡུ་ལེན་བྱེད་སླ་བར་བྱས་པ་དང་མང་ཚོགས་ཀྱི་ལས་ཚེགས་ཇེ་ཡང་དུ་བཏང་། 

ལོ་ཙཱ་བ། རིན་ཆེན་མཚོ།