ཀྲུང་དབྱང་ནོར་སྲིད་ཀྱིས་མ་དངུལ་སྒོར་དུང་ཕྱུར་གཅིག་དང་བྱེ་བ་བདུན་བཏང་ནས་མཚོ་སྔོན་ཞིང་ཆེན་གྱི་ཞིང་སྡེའི་ཉེན་ཁང་སྒྱུར་བཀོད་བྱེད་པར་འགན་སྲུང་བྱས།
2020.06.29 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 29

གསར་འགོད་པས་མཚོ་སྔོན་ཞིང་ཆེན་སྡོད་ཁང་དང་མཁར་གྲོང་འཛུགས་སྐྲུན་ཐིན་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཉེ་ལམ། ནོར་སྲིད་པུའུ་དང་སྡོད་ཁང་འཛུགས་སྐྲུན་པུའུ་གཉིས་ཀྱིས2020ལོའི་ཀྲུང་དབྱང་ནོར་སྲིད་ཞིང་སྡེའི་ཉེན་ཁང་སྒྱུར་བཀོད་ཀྱི་ཁ་གསབ་མ་དངུལ་སྒོར་དུང་ཕྱུར་གཅིག་དང་བྱེ་བ་བཞི་ས་ཡ་བཞི་འབུམ་བཞི་ཁྲི་བརྒྱད་བཏང་བ་དང་། ད་ལྟའི་བར་དུ་རྒྱལ་ཁབ་ཀྱིས་བསྡོམས་པས་མཚོ་སྔོན་ཞིང་ཆེན་ལ་ཁ་གསབ་མ་དངུལ་སྒོར་དུང་ཕྱུར་གཅིག་དང་བྱེ་བ་བདུན་ས་ཡ་དྲུག་འབུམ་གཉིས་ཁྲི་ལྔ་བཏང་སྟེ། ཞིང་ཆེན་ཡོངས་ཀྱི་ཞིང་སྡེའི་ཉེན་ཁང་སྒྱུར་བཀོད་བཟོ་སྐྲུན་ཕན་ཡོད་སྒོས་སྤེལ་བར་འགན་སྲུང་བྱས།

འབྲེལ་ཡོད་རེ་བ་ལྟར། ཁ་གསབ་མ་དངུལ་དེ་སྔོན་དུ་ན་ནིང་གི་དབུལ་ཐར་མཁྲེགས་གཏོར་དང་ཞིང་སྡེའི་ཉེན་ཁང་སྒྱུར་བཀོད་ཀྱི་ཕྱིར་ལྟ་དང་གྲལ་བཤེར་སོགས་ཐད་ནས་རྙེད་པའི་གནད་དོན་དང་ད་ལོར་གསར་དུ་བསྣན་པའི་ཉེན་ཁང་སྒྱུར་བཀོད་ལས་འགན་ཐད་བཀོལ་སྤྱོད་བྱས་ནས། དུས་བཀག་ལྟར་སེམས་ཁྲལ་མི་དགོས་པ་གཉིས་དང་འགན་སྲུང་གསུམ་གྱི་དབུལ་ཐར་མཁྲེགས་གཏོར་དམིགས་འབེན་ལས་འགན་ཡོངས་འགྲུབ་བྱེད་པར་ཁག་ཐེག་བྱེད་རྒྱུ་རེད། དེར་མ་ཟད་དེའི་རྨང་གཞིའི་སྟེང་། གཅིག་གྱུར་བཀོད་སྒྲིག་ལ་ཤུགས་བསྣན་ནས། ཚད་རིམ་བདུན་ཡན་གྱི་ས་འགུལ་འགོག་ཐུབ་པའི་ཞིང་སྡེའི་ཉེན་ཁང་སྒྱུར་བཀོད་དང་ཡོང་སྒོ་དམའ་བའི་ཞིང་ཁྱིམ་གྱི་གཞི་རྩའི་སྡོད་ཁང་གི་བདེ་འཇགས་འགན་སྲུང་ཐད་བཀོལ་རྒྱུ་རེད།

ད་ལོར། མཚོ་སྔོན་ཞིང་ཆེན་གྱིས་ཞིང་སྡེའི་ཉེན་ཁང་སྒྱུར་བཀོད་བྱེད་རྒྱུ་དེ་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱེད་པའི་ཤུགས་འདོན་ས་དང་ཐོད་བརྒལ་བྱེད་ས་རུ་བྱས་ཏེ། ཐབས་མང་མཉམ་སྤྱོད་ཀྱིས་ཞིང་སྡེའི་ཉེན་ཁང་སྒྱུར་བཀོད་བྱ་བ་སྤེལ་ནས། རོང་འབྲོག་མང་ཚོགས་ལ་སྡོད་ཁང་ཡོད་པ་དང་སྡོད་ཁང་བདེ་འཇགས་ཡིན་པར་བྱེད་རྒྱུ་རེད། གོ་རིམ་རྗེས་མར། མཚོ་སྔོན་ཞིང་ཆེན་སྡོད་ཁང་དང་མཁར་གྲོང་འཛུགས་སྐྲུན་ཐིན་གྱིས་རྫོང་སོ་སོའི་དགོས་མཁོ་དངོས་དང་འཛུགས་སྐྲུན་གྱི་དོ་དམ་ནུས་པ། ས་གནས་ཀྱི་ནོར་ཤུགས། བྱ་བའི་གྲུབ་འབྲས་སོགས་ལ་བསམ་གཞིགས་བཏང་སྟེ། ཁ་གསབ་མ་དངུལ་བགོ་བཤའ་འོས་འཚམ་བྱས་པ་དང་། རྫོང་སོ་སོས་ལག་བསྟར་བྱེད་ཐབས་ཇེ་ཞིབ་ཏུ་གཏོང་བར་སྣེ་ཁྲིད་བྱས་ལ། བཟོ་སྐྲུན་ལག་བསྟར་དམ་འཛིན་བྱས་ནས། དབུལ་ཐར་མཁྲེགས་གཏོར་གྱི་སྡོད་ཁང་བདེ་འཇགས་མཇུག་སྒྲིལ་བཟོ་སྐྲུན་གྱི་ལས་འགན2020ལོའི་ཟླ་དྲུག་པའི་ཟླ་མཇུག་སྔོན་དུ་ཡོངས་འགྲུབ་བྱེད་པར་ཁག་ཐེག་བྱེད་རྒྱུ་དང་། ད་ལོར་ཡིག་ཚགས་བཙུགས་ཤིང་བྱང་བུ་ལས་པའི་དབུལ་ཕོངས་ཁྱིམ་ཚང་གི་ཉེན་ཁང་སྒྱུར་བཀོད་ལས་འགན2020ལོའི་ལོ་མཇུག་སྔོན་དུ་ཡོངས་རྫོངས་ལེགས་འགྲུབ་བྱེད་རྒྱུ་ཡིན་ལ། རིགས་སྣ་གསུམ་གྱི་གཙོ་གནད་སྒྱུར་བཀོད་ལས་འགན་གཞན་པ་དེ2011ལོའི་ཟླ་དྲུག་པའི་ཟླ་མཇུག་སྔོན་དུ་ཡོངས་རྫོགས་ལེགས་འགྲུབ་བྱས། དེ་དང་མཉམ་དུ། སྒྱུར་བཀོད་བྱེད་ཐབས་དང་ཁ་གསབ་སྲིད་ཇུས་གསར་གཏོད་བྱས་པ་དང་། ས་བབ་དང་བསྟུན་ནས་སྒྱུར་བཀོད་རྣམ་པ་དང་ལག་རྩལ་ཁྱབ་གདལ་དུ་བཏང་བ་དང་། ཞིང་སྡེའི་ཐུན་མོང་གླ་གཏོང་ཁང་བ་འཛུགས་སྐྲུན་བྱེད་པ། རང་དགར་བསྐྱུར་བའི་ཞིང་སྡེའི་ཁང་བ་དང་ཐུན་མོང་གི་སྤྱིལ་ཁང་བརྗེ་སྤོར་སོགས་ཀྱི་རྣམ་པ་བརྒྱུད་དེ། ཧུར་ཐག་གིས་སྲིད་ཇུས་ལག་བསྟར་ནན་མོ་བྱས་པ་དང་། ཧ་ཅང་དབུལ་ཕོངས་ཡིན་པའི་ཞིང་ཁྱིམ་གྱི་གཞི་རྩའི་སྡོད་ཁང་བདེ་འཇགས་ལ་འགན་སྲུང་བྱས།

ལོ་ཙཱ་བ། རིན་ཆེན་མཚོ།