མཚོ་སྔོན་ཞིང་ཆེན་གྱི་སྡོད་ཁང་འཛུགས་སྐྲུན་ཁྱབ་ཁོངས་ཀྱིས་ལས་གཞི་གལ་ཆེན་དང་ཁང་སའི་ཐོན་ལས་གསར་སྤེལ་ཐད་མ་དངུལ་སྒོར་ཐེར་ཆེན་གཅིག་དང་ཐེར་འབུམ་གཉིས་དུང་ཕྱུར་གཉིས་བྱེ་བ་དྲུག་ས་ཡ་བདུན་བཏང་།
2020.07.01 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 46

གསར་འགོད་པས་མཚོ་སྔོན་ཞིང་ཆེན་སྡོད་ཁང་དང་མཁར་གྲོང་འཛུགས་སྐྲུན་ཐིན་ནས་རྒྱུས་ལོན་བྱུང་བ་ལྟར་ན། ད་ལོའི་ཟླ་ལྔ་བའི་ཟླ་མཇུག་བར་དུ། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་སྡོད་ཁང་འཛུགས་སྐྲུན་ཁྱབ་ཁོངས་ཀྱིས་ལས་གཞི་གལ་ཆེན་དང་ས་ཁང་བདག་ཁོངས་གསར་སྤེལ་ཐད་མ་དངུལ་སྒོར་ཐེར་ཆེན་གཅིག་དང་ཐེར་འབུམ་གཉིས་དུང་ཕྱུར་གཉིས་བྱེ་བ་དྲུག་ས་ཡ་བདུན་བཏང་བ་དང་། དེ་ན་ནིང་གི་དུས་མཉམ་དང་བསྡུར་ན་བརྒྱ་ཆའི་ཉེར་ལྔ་ཡིས་ཇེ་མང་དུ་སོང་ཡོད། ་ད་ལོར། མཚོ་སྔོན་ཞིང་ཆེན་སྡོད་ཁང་དང་མཁར་གྲོང་འཛུགས་སྐྲུན་ཐིན་གྱིས་གཅིག་གྱུར་སྒོས་རིམས་ནད་འགོག་སྡོམ་བྱས་པ་དང་། ཁྱོན་ཡོངས་ནས་སྤུས་ཚད་མཐོན་པོའི་འཕེལ་རྒྱས་སུ་གཏོང་བའི་ལག་བསྟར་འགན་འཁྲི་དམ་འཛིན་བྱས་ལ། གཏན་འཇགས་དྲུག་གི་བྱ་བ་བརྟན་བརླིང་ངང་བསྒྲུབས་པ་དང་། རྨང་གཞི་བརྟན་པོ་བཏིངས་པས། བྱ་བ་གཙོ་བོ་སྣ་ཚོགས་སྤྱིའི་ཆ་ནས་གོ་རིམ་ལྡན་པའི་ངང་སྤེལ་ཡོད།

ཟླ་ལྔ་བའི་ཟླ་མཇུག་བར་དུ། གྲོང་གསེབ་ཀྱི་ཁང་རྙིང་སྒྱུར་བཀོད་དང་གཞིས་ཁུལ་རྙིང་བ་སྒྱུར་བཀོད་ལས་གཞིའི་ཐད་བསྡོམས་པས་མ་དངུལ་སྒོར་ཐེར་འབུམ་གཅིག་དང་དུང་ཕྱུར་ལྔ་བཏང་ནས། ལོ་ཧྲིལ་བོའི་དངུལ་གཏོང་ལས་འགན་གྱི་བརྒྱ་ཆའི་སོ་བདུན་དང་གྲངས་ཆུང་ལྔ་ཡོངས་འགྲུབ་བྱས་ལ། རོང་འབྲོག་མང་ཚོགས་ཀྱི་སྡོད་ཁང་ཆ་རྐྱེན་ལེགས་སྒྱུར་ལས་གཞིའི་ཐད་བསྡོམས་པས་མ་དངུལ་དུང་ཕྱུར་གསུམ་དང་བྱེ་བ་བདུན་བཏང་སྟེ། ལོ་ཧྲིལ་བོའི་དངུལ་གཏོང་ལས་འགན་གྱི་བརྒྱ་ཆའི་སུམ་ཅུ་ཡོངས་འགྲུབ་བྱས། མཐོ་སྒང་གི་མཛེས་པའི་ཡུལ་གྲོང་འཛུགས་སྐྲུན་ལས་གཞིའི་ཐད་བསྡོམས་པས་མ་དངུལ་སྒོར་དུང་ཕྱུར་གཉིས་དང་བྱེ་བ་གཅིག་བཏང་བ་དང་། དེས་ལོ་ཧྲིལ་བོའི་དངུལ་གཏོང་ལས་འགན་གྱི་བརྒྱ་ཆའི་བཅུ་བདུན་དང་གྲངས་ཆུང་ལྔ་ཟིན་ལ། མཛེས་སྡུག་གི་གྲོང་གསེབ་བཅུ་གཉིས་འཛུགས་སྐྲུན་ལས་གཞིའི་ཐད་ནས་བསྡོམས་པས་གྲོང་ཁྱེར་གྱི་སྤྱི་སྤྱོད་རྨང་གཞིའི་སྒྲིག་ཆས་དང་ཁོར་ཡུག་བཅོས་སྐྱོང་ལས་གཞི་དོན་གཅིག་ལེགས་འདེམས་གཏན་ཁེལ་བྱས་པ་མ་ཟད། ལས་གཞི་ལག་བསྟར་སྔོན་གྱི་གྲ་སྒྲིག་བྱ་བ་སྤེལ་བཞིན་པའི་སྒང་ཡིན་ལ། རྗེས་མཐུད་འཛུགས་སྐྲུན་ལས་གཞི་ཁྱོན་ཡོངས་ནས་ལག་བསྟར་བྱེད་འགོ་བརྩམས་པ་དང་། བསྡོམས་པས་མ་དངུལ་སྒོར་དུང་ཕྱུར་དྲུག་དང་བྱེ་བ་ལྔ་བཏང་ནས། ལོ་ཧྲིལ་བོའི་དམིགས་འབེན་ལས་འགན་གྱི་བརྒྱ་ཆའི་བཞི་བཅུ་ལྷག་ཡོངས་འགྲུབ་བྱས། ས་ཁང་བདག་ཁོངས་གསར་སྤེལ་ཐད་མ་དངུལ་སྒོར་ཐེར་འབུམ་དགུ་དང་དུང་ཕྱུར་ལྔ་བྱེ་བ་གསུམ་ས་ཡ་བདུན་བཏང་བ་དང་། དེ་དུས་མཉམ་དང་བསྡུར་ན་བརྒྱ་ཆའི་ཉེར་གསུམ་དང་གྲངས་ཆུང་བརྒྱད་ཀྱིས་ཇེ་མང་དུ་སོང་ལ། ལོ་ཧྲིལ་བོའི་དམིགས་འབེན་ལས་འགན་གྱི་བརྒྱ་ཆའི་ཉེར་གསུམ་དང་གྲངས་ཆུང་བརྒྱད་ཡོངས་འགྲུབ་བྱས།

ལོ་ཙཱ་བ། རིན་ཆེན་མཚོ།