མགོ་ལོག་གི་གཞུང་བཙུགས་སྨན་ཁང་གི་རྒྱང་བསྟེན་སྨན་བཅོས་ཁེབས་རྒྱ་བརྒྱ་ཆའི་བརྒྱ་རུ་སླེབས།
2020.07.28 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 22

རང་ཞིང་གི་གཞུང་བཙུགས་སྨན་ཁང་གི་ཕྱོགས་བསྡུས་བཅོས་སྒྱུར་ཁྲོད་དུ། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱི་གཞུང་བཙུགས་སྨན་ཁང་ཡོད་ཚད་ཀྱི་རྒྱང་བསྟེན་སྨན་བཅོས་ཁེབས་རྒྱ་བརྒྱ་ཆའི་བརྒྱ་ལ་སླེབས་པ་དང་། སྨན་བཅོས་དང་འགོག་སྲུང་། བདེ་ཐང་། སྨན་ཞབས། ཁམས་གསོ་བཅས་ཕྱོགས་བསྡུས་རྣམ་པའི་ཁུལ་དང་རྫོང་། ཡུལ་ཚོ་དང་སྡེ་བའི་སྨན་བཅོས་འཕྲོད་བསྟེན་བདེ་ཐང་ཞབས་ཞུའི་མ་ལག་ཐོག་མར་ཆགས་ཡོད།

མགོ་ལོག་ཁུལ་གྱིས་གཞུང་བཙུགས་སྨན་ཁང་གི་སྤྱི་ཕན་རང་བཞིན་ལ་དམ་དུ་དམིགས་ནས། སྤུས་ལེགས་ཕན་མཐོའི་ཁུལ་རིམ་པའི་སྨན་བཅོས་སྡེ་ཚོགས་དང་རྫོང་ཁོངས་ཀྱི་དམ་ཚགས་རྣམ་པའི་སྨན་བཅོས་ཐུན་མོང་ཚོགས་པ་ཕྱོགས་ཡོངས་ནས་བཙུགས། ས་ཁུལ་གྱི་ཁྱད་ཆོས་འབུར་དུ་ཐོན་པའི་ཆ་རྐྱེན་འོག་ཏུ། སྨན་བཅོས་སྡེ་ཚོགས་གཉིས་དང་རྫོང་ཁོངས་དམ་ཚགས་རྣམ་པའི་སྨན་བཅོས་ཐུན་མོང་ཚོགས་པ་ལྔ་བཙུགས་ཏེ། ཁུལ་མི་དམངས་སྨན་ཁང་སྤྱིའི་སྨན་ཁང་བྱས་ཤིང་། ཁུལ་བུད་མེད་བྱིས་པའི་བདེ་སྲུང་སྨན་ཁང་དང་རྨ་ཆེན་རྫོང་སྨན་ཁང་། འཕྲོད་བསྟེན་ཁང་བརྒྱད། སྡེ་བའི་འཕྲོད་བསྟེན་ཁང་སོ་ལྔ་བཅས་དང་མཉམ་འབྲེལ་གྱིས་ཁུལ་སྨན་ཁང་བདེ་ཐང་ཞབས་ཞུའི་སྡེ་ཚོགས་བཙུགས། ཁུལ་བོད་སྨན་ཁང་སྤྱིའི་སྨན་ཁང་བྱས་ཏེ། དགའ་བདེ་དང་དར་ལག པད་མ། གཅིག་སྒྲིལ་རྫོང་བཅས་ཀྱི་བོད་སྨན་ཁང་དང་། ཁུལ་ཡོངས་ཀྱི་ཡུལ་གྲོང་གི་འཕྲོད་བསྟེན་ཁང་ཞེ་ལྔར་མཉམ་འབྲེལ་བྱས་ཏེ། ཁུལ་བོད་སྨན་སྨན་བཅོས་སྡེ་ཚོགས་བཙུགས་ནས། བོད་སྨན་སྨན་བཅོས་ལས་སྒོར་མཛུབ་སྟོན་བྱས། རྫོང་མི་དམངས་སྨན་ཁང་སྤྱིའི་སྨན་ཁང་བྱས་ཏེ། རྫོང་ཁོངས་ཀྱི་རིམས་འགོག་ལྟེ་གནས་དང་བུད་མེད་འཆར་ལྡན་བུ་སྐྱེ་ལྟེ་གནས། ཡུལ་གྲོང་སོ་སོའི་འཕྲོད་བསྟེན་ཁང་དང་སྡེ་བའི་འཕྲོད་བསྟེན་ཁང་བཅས་དང་མཉམ་འབྲེལ་གྱིས་རྫོང་ཁོངས་དམ་ཚགས་རྣམ་པའི་སྨན་བཅོས་ཐུན་མོང་ཚོགས་པ་བཙུགས་ཏེ། སྨན་བཅོས་དང་འགོག་སྲུང་། བདེ་ཐང་། སྨན་ཞབས། ཁམས་གསོ་བཅས་ཕྱོགས་བསྡུས་རྣམ་པའི་ཡུལ་ཚོ་དང་སྡེ་བའི་སྨན་བཅོས་འཕྲོད་བསྟེན་བདེ་ཐང་ཞབས་ཞུའི་མ་ལག་ཐོག་མར་བཙུགས། དེ་དང་མཉམ་དུ་འཕྲོད་བསྟེན་བདེ་ཐང་ཞབས་ཞུ་ལ་སྐུད་ཐོག་སྐུད་འོག་གཉིས་ནས་བྱང་བུ་གཅིག་ཁས་ལེན་པ་དང་བྱང་བུ་གཅིག་གི་ཐོག་ནས་སྒྲུབ་པའི་ཞབས་ཞུའི་བྱ་བ་མངོན་འགྱུར་བྱས་ལ། དབུལ་ཕོངས་སྡེ་བ་དོན་བཞིའི་འཕྲོད་བསྟེན་ཁང་དུ་ཚིགས་གཅིག་ཅན་གྱི་རྩིས་སྤྲོད་མངོན་འགྱུར་བྱས། ཁུལ་སྨན་བཅོས་བདེ་ཐང་ཞབས་ཞུའི་སྡེ་ཚོགས་ནས་རྒྱང་བསྟེན་བརྟག་བཅོས་ལྟེ་གནས་ཐོག་མ་བཙུགས་ཏེ། གཞི་རིམ་ནས་ཐོག་མར་བརྟག་པ་དང་། ཕྱོགས་གཉིས་བར་བརྒྱུད་བརྟག་བྱེད་པ། ནད་ཚབས་ཆེ་ཆུང་བགར་ནས་སྨན་བཅོས་བྱེད་པ། སྐུད་ཐོག་མཉམ་ལས་བྱེད་པ་བཅས་ཀྱི་སྨན་བཅོས་ཀྱི་རྣམ་པ་གསར་བ་ཆགས་པར་བྱས།

                                                                                                                       ལོ་ཙཱ་བ། ཕྱུག་ལོ།