རྨ་སྟོད་རྫོང་གི་འབྲོག་པ་མང་ཚོགས་སྟོང་བཞི་དང་བཞི་བརྒྱ་དོན་གསུམ་གྱི་སྡོད་ཁང་བདེ་འཇགས་ལ་འགན་སྲུང་བྱས།
2020.07.28 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 31

གསར་འགོད་པས་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་སྟོད་རྫོང་གི་དབུལ་སྐྱོར་གསར་སྤེལ་ཅུའུ་ནས་རྒྱུས་ལོན་བྱུང་བ་ལྟར་ན། མགོ་ལོག་ཁུལ་རྨ་སྟོད་རྫོང་གིས་ཧུར་ཐག་སྒོས་སྲིད་གཞུང་གིས་སྣེ་ཁྲིད་དང་སྲིད་ཇུས་ཀྱིས་རོགས་སྐྱོང་བྱེད་པ་དང་། མང་ཚོགས་རང་འགུལ་བྱེད་པ། གཅིག་བསྡུས་སྒོས་གནས་སྤོར་བྱེད་པའི་དཔེ་དབྱིབས་གསར་བ་འཚོལ་ཞིབ་བྱས་ཤིང་། ཕྱོགས་སོ་སོའི་སྟོབས་ཤུགས་གཅིག་བསྡུས་སྒོས་ས་ཆ་གཞན་དུ་གནས་སྤར་ཏེ་རོགས་སྐྱོར་བྱས་ནས། སོ་སོར་རྫོང་མཁར་དང་མཛོ་རྒན་རྭ་བར་གྲོང་རྡལ་དུ་གཅིག་བསྡུས་སྒོས་བཀོད་སྒྲིག་བྱེད་ས་གཉིས་འཛུགས་སྐྲུན་བྱས་པ་དང་། དེ་སྲིད་འཛིན་སྡེ་བ་སུམ་ཅུ་དང་ཁྱིམ་ཚང་སྟོང་གཅིག་དང་ལྔ་བརྒྱ་ཞེ་གཅིག་ལ་འབྲེལ་བ་ཡོད། མིག་སྔའི་བར་དུ་འབྲོག་པ་མང་ཚོགས་སྟོང་བཞི་དང་བཞི་བརྒྱ་དོན་གསུམ་གྱི་སྡོད་ཁང་བདེ་འཇགས་འགན་སྲུང་བྱས།

རྨ་སྟོད་རྫོང་གིས་བལྟོས་བཅས་ཀྱི་དོ་དམ་ཞབས་ཞུའི་སྒྲིག་གཞི་བཙུགས་པ་དང་འཐུས་ཚང་དུ་བཏང་ཞིང་། ས་ཆ་གཞན་དུ་གནས་སྤར་ཡུལ་གྱི་གནས་སྐབས་དོ་དམ་ཨུ་ཡོན་ལྷན་ཁང་འཛུགས་པའི་སྐོར་གྱི་ལག་བསྟར་ཇུས་གཞི་གཏན་ལ་ཕབ་སྟེ། ཞང་དང་གྲོང་རྡལ་དང་འབྲེལ་ཡོད་ལས་ཁུངས་ནས་མི་སྣ་འཐེན་ཏེ་གནས་སྐབས་དོ་དམ་ཨུ་ཡོན་ལྷན་ཁང་བཙུགས་པ་དང་། བྱེ་བྲག་སྒོས་བདེ་འཇགས་བཀོད་སྒྲིག་བྱེད་སའི་གཞི་རིམ་ཏང་འཛུགས་སྐྲུན་དང་ཕྱོགས་སྐྱོང་བརྟན་སྲུང་། སྲིད་ཇུས་དྲིལ་སྒྲོག བསམ་པའི་དཔལ་ཡོན་འཛུགས་སྐྲུན། ཁོར་ཡུག་དག་ཐེར་བཅོས་སྐྱོང་སོགས་རྒྱུན་ལྡན་དོ་དམ་བྱ་བའི་འགན་འཁུར་བ་དང་། འབྲེལ་ཡོད་ལས་ཁུངས་ཀྱིས་གནས་སྤོར་འབྲོག་པ་མང་ཚོགས་ཀྱི་དམངས་ཕན་སྲིད་ཇུས་དངོས་འབེབས་བྱེད་པ་དང་ལས་ཞུགས་དང་སློབ་ཞུགས། ནད་སྟོན་པ། སྤྱི་ཚོགས་ཉེན་ཚབ། བཅའ་ཁྲིམས་བློ་འདྲི་སོགས་མཐུན་སྦྱོར་ཞབས་ཞུ་སྣ་ཚོགས་ལ་རོགས་འདེགས་བྱས་ནས། གནས་སྤོར་ཐུབ་པ་དང་གནས་སྤར་ན་བརྟན་འཇགས་ཡིན་པ་འགན་སྲུང་བྱས།

རྨ་སྟོད་རྫོང་གིས་ད་དུང་གནས་སྤར་མང་ཚོགས་ཀྱི་རྒྱུས་ལོན་དབང་ཆ་དང་གདམ་གསེས་དབང་ཆ། ལྟ་སྐུལ་དབང་ཆར་བརྩི་འཇོག་བྱས་པ་དང་གནས་སྤོར་འབྲོག་ཁྱིམ་གྱི་ཚོགས་ཆེན་བསྡུས་ཏེ། བགོ་བཤའི་ཇུས་གཞི་ལ་གྲོས་བསྡུར་དང་གཏན་འཁེལ་བྱས་པ་དང་། རྨང་གཞིའི་སྒྲིག་ཆས་དང་སྤྱི་ཚོགས་སྤྱི་ཐུན་སྒྲིག་ཆས་འཛུགས་སྐྲུན་གོ་རིམ་ཁྲོད་དུ་ཐོག་མར་ལས་གཞི་ལག་བསྟར་བྱེད་ཡུལ་གྱི་མང་ཚོགས་ཞུགས་པའི་ལས་གཞིའི་འཛུགས་སྐྲུན་རྩ་འཛུགས་བྱས་ནས། ལས་གཞི་ལག་བསྟར་གྱི་མངོན་གསལ་ཚད་སྔར་ལས་ཇེ་ཆེར་བཏང་།

                                                                                                   ལོ་ཙཱ་བ། བཀྲ་ཤིས་འབུམ།