ཞིང་ཆེན་ཡོངས་ཀྱི་ལས་ཞུགས་གནས་བབ་བརྟན་འཇགས་ཁྲོད་ནས་བཟང་ཕྱོགས་སུ་འཕེལ་བཞིན་ཡོད།
2020.07.30 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 13

གསར་འགོད་པས་ཞིང་ཆེན་མི་ཤུགས་ཐོན་ཁུངས་སྤྱི་ཚོགས་འགན་སྲུང་ཐིན་ནས་རྒྱུས་ལོན་བྱུང་བ་ལྟར་ན། ད་ལོའི་ལོ་སྟོད་ཀྱི་སྔོན་ལ། ཞིང་ཆེན་ཡོངས་ཀྱི་ལས་ཞུགས་གནས་བབ་བརྟན་འཇགས་ཁྲོད་ནས་བཟང་ཕྱོགས་སུ་འཕེལ་ཞིང་མཁར་གྲོང་དུ་མི་ཁྲི་གསུམ་དང་སྟོང་ལྔ་ལྷག་ལས་ཀར་ཞུགས་པ་དང་། ལོ་ཧྲིལ་བོའི་དམིགས་འབེན་དང་ལས་འགན་གྱི་བརྒྱ་ཆའི་ང་དགུ་ལྷག་ཡོངས་འགྲུབ་བྱས། རོང་འབྲོག་ཕྱོགས་ཀྱི་ངལ་རྩོལ་པ་མི་ཐེངས་འབུམ་བདུན་དང་ཁྲི་དགུ་བཀོད་སྒྲིག་བྱས་པ་དང་ལོ་ཧྲིལ་བོའི་དམིགས་འབེན་དང་ལས་འགན་གྱི་བརྒྱ་ཆའི་དོན་ལྔ་ལྷག་ཡོངས་འགྲུབ་བྱས་ཤིང་། མཁར་གྲོང་དུ་མིང་ཐོ་བཀོད་པའི་ལས་ཤོར་གྱི་ཚད་བརྒྱ་ཆའི་གཉིས་དང་གྲངས་ཆུང་གཉིས་ཡིན་པ་དང་ལོ་ཧྲིལ་བོའི་དམིགས་འབེན་གྱི་བརྒྱ་ཆའི་གསུམ་དང་གྲངས་ཆུང་ལྔའི་ནང་དུ་ཚོད་འཛིན་བྱས།

རིམས་ནད་བྱུང་བའི་ཚུན་ལ། རང་ཞིང་གིས་ལས་ཞུགས་སྲིད་ཇུས་མ་ལག་འཐུས་ཚང་དུ་གཏོང་བ་དང་ཁེ་ལས་ཀྱི་སྤྱི་ཚོགས་འགན་སྲུང་ཁུར་བོ་ཇེ་ཡང་དུ་གཏོང་བ། མང་ཚོགས་གཙོ་བོའི་ལས་ཞུགས་འགན་སྲུང་བྱེད་པ། ལས་རིགས་རྩལ་ནུས་མཐོར་འདེགས་སུ་གཏོང་བ། སྤྱི་ཐུན་ལས་ཞུགས་ཞབས་ཞུ་ལེགས་སྒྱུར་བྱེད་པ། གནས་བབ་ལ་ལྟ་ཞིབ་ཚད་ལེན་དང་དབྱེ་ཞིབ་ནུས་པ་ཇེ་ཆེར་གཏོང་བ་སོགས་ཀྱི་བྱེད་ཐབས་སྤྱད་དེ། ཐབས་བརྒྱ་ཇུས་སྟོང་སྒོས་ལས་ཞུགས་བརྟན་འཇགས་དང་དམངས་ཚིས་ལེགས་བཅོས་བྱས།

ལས་གནས་བརྟན་འཇགས་དང་ཁེ་ལས་ལ་རོགས་སྐྱོར་བྱས་ཏེ་སྟོབས་ཤུགས་ཡོད་རྒུས་ཁེ་ལས་ཀྱི་ལས་ཐོན་སླར་གསོ་དང་ཐོན་ཚད་ཇེ་མཐོར་འགྲོ་བ་འགན་སྲུང་བྱས། ཞིང་ཆེན་ཡོངས་ཀྱི་ཉེན་ཚབ་ཁྲོད་ཞུགས་པའི་ཁེ་ལས་སྟོང་ལྔ་དང་ལྔ་བརྒྱ་རེ་གཅིག་ལ་ལས་གནས་བརྟན་འཇགས་ཀྱི་མ་དངུལ་སྒོར་དུང་ཕྱུར་གཉིས་ལྷག་ཕྱིར་བྱིན་པ་དང་ལས་བཟོ་བ་འབུམ་གཉིས་དང་ཁྲི་བདུན་ལྷག་ལ་ཁེ་ཕན་ཐོབ།

ལོ་ཙཱ་བ། བཀྲ་ཤིས་འབུམ།