མིག་སྔར། ནོར་སྲིད་པུའུ་ཡི་གཞུང་ཕྱོགས་དྲ་ཚིགས་ཀྱིས《ཉིས་སྟོང་ཉི་ཤུ་ལོར་རྫོང་རིམ་པའི་གཞི་རྩའི་ནོར་ཤུགས་འགན་ལེན་ལམ་སྲོལ་གྱི་བྱ་དགའི་ཁ་གསབ་མ་དངུལ་སྔོན་རྩིས་གཤམ་སྤེལ་བྱ་རྒྱུའི་སྐོར་གྱི་བརྡ་ཐོ》ཁྱབ་བསྒྲགས་བྱས་ནས། རྫོང་རིམ་པའི་སྲིད་གཞུང་གིས“གཞི་རྩའི་དམངས་ཚིས་འགན་ལེན་དང་གླ་ཕོགས་འགན་ལེན། འཁོར་སྐྱོད་འགན་ལེན”བཅས་ཀྱི་མཐའ་ཚད་འགན་ལེན་བྱ་ཆེད། ཀྲུང་དབྱང་ནོར་སྲིད་ཀྱིས་ཉིས་སྟོང་ཉི་ཤུ་ལོའི་རྫོང་རིམ་པའི་གཞི་རྩའི་ནོར་ཤུགས་འགན་ལེན་ལམ་སྲོལ་གྱི་བྱ་དགའི་ཁ་གསབ་མ་དངུལ་སྔོན་རྩིས་གཤམ་སྤྲོད་བྱས་པ་རེད། གསར་འགོད་པས་ནོར་སྲིད་པུའུ་ནས་ཁྱབ་བསྒྲགས་བྱས་པའི“ཉིས་སྟོང་ཉི་ཤུ་ལོའི་རྫོང་རིམ་པའི་གཞི་རྩའི་ནོར་ཤུགས་འགན་ལེན་ལམ་སྲོལ་གྱི་བྱ་དགའི་ཁ་གསབ་མ་དངུལ་གྱི་སྔོན་རྩིས་བགོ་བཤའི་རེའུ་མིག”ལས་ཤེས་རྟོགས་བྱུང་བ་ལྟར་ན། མཚོ་སྔོན་ལ་རྫོང་རིམ་པའི་གཞི་རྩའི་ནོར་ཤུགས་འགན་ལེན་ལམ་སྲོལ་གྱི་བྱ་དགའི་ཁ་གསབ་མ་དངུལ་སྒོར་ཐེར་འབུམ་གསུམ་དང་དུང་ཕྱུར་གཉིས་ལྷག་ཙམ་ཐོབ་ཡོད་ཅིང་། ད་ཐེངས་སྒོར་བྱེ་བ་གཉིས་དང་ས་ཡ་བརྒྱད་འབུམ་དགུ་ཁྲི་བརྒྱད་བྱིན་ཡོད།
《བརྡ་ཐོའི》ནང་བླང་བྱ་བཏོན་དོན། ཞིང་ཆེན་རིམ་པའི་ནོར་སྲིད་ཀྱིས་རང་བདག་འགན་འཁྲི་ཏན་ཏིག་གིས་འཁུར་ནས་མ་དངུལ་དོ་དམ་བྱེད་ཐབས་ལྟར། ས་གནས་དེ་གའི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་ཀྲུང་དབྱང་གི་བྱ་དགའ་དང་ཁ་གསབ་མ་དངུལ་ལུགས་མཐུན་གྱིས་ཚོད་རྩིས་དང་བགོ་བཤའ། “འགན་ལེན་གསུམ”སོགས་གཙོ་གནད་ཁྱབ་ཁོངས་ཀྱི་གྲོན་དངུལ་འགན་སྲུང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ནོར་སྲིད་འགྲོ་སྒོའི་ཁྲོད་ཀྱི“འགན་ལེན་གསུམ”གྱི་འགྲོ་སྒོ་དེ་དམིགས་བསལ་གྱི་གོ་གནས་སུ་རྒྱུན་འཁྱོངས་བྱ་དགོས། ཞིང་ཆེན་མན་གྱི་ནོར་ཤུགས་བགོ་འགྲེམ་སྔར་ལས་དོ་མཉམ་ཡོང་བ་བྱ་དགོས། གཞི་རིམ་དང་ལྷག་པར་དུ་ནོར་སྲིད་ཐད་དཀའ་ངལ་ཡོད་པའི་ས་ཁུལ་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས། རྫོང་དང་ཞང་སྲིད་གཞུང་གི་གཞི་རྩའི་ནོར་ཤུགས་འགན་ལེན་ཆུ་ཚད་ཏན་ཏིག་གིས་མཐོ་རུ་གཏོང་དགོས། རྫོང་རིམ་པའི“འགན་ལེན་གསུམ”གྱི་གཞི་ཐིག་བརྟན་པོར་བསྲུང་དགོས། ཞིང་ཆེན་རིམ་པ་དང་། ས་ཁུལ་དང་གྲོང་ཁྱེར་རིམ་པའི་ནོར་སྲིད་ཀྱིས་ཐད་གཏོང་མ་དངུལ་སྟེར་སྐབས། སྔོན་རྩིས་དམིགས་ཚད་ཀྱི་ཡིག་ཆ་ལོགས་སུ་འགྲེམ་སྤེལ་བྱེད་དགོས་པ་མ་ཟད། ཀྲུང་དབྱང་ནོར་སྲིད་ཀྱི་ཐད་གཏོང་མ་དངུལ་གྱི་མཚོན་རྟགས་མི་འགྱུར་བ་རྒྱུན་འཁྱོངས་བྱེད་དགོས། དུས་མཚུངས་སུ་དམིགས་ཚད་དོ་དམ་མ་ལག་ནང་འབྲེལ་ཡོད་དམིགས་ཚད་དང་ཐད་གཏོང་མ་དངུལ་གྱི་མཚོན་རྟགས་དུས་ཐོག་ཏུ་འགོད་དགོས། ཐད་གཏོང་མ་དངུལ་གྱི་ལྟ་སྐུལ་ཚོད་འཛིན་མ་ལག་ནང་བཅུག་ནས་གཞི་གྲངས་བདེན་པ་དང་རྩིས་ཐོ་ཁ་གསལ། སྤྱོད་ཕྱོགས་ཁ་གསལ་བཅས་ཡོང་བར་འགན་ལེན་བྱེད་དགོས་ཟེར།
ལོ་ཙཱ་བ། བན་དེ་སྐྱབས།