མཚོ་སྔོན་ཞིང་ཆེན་ཞིང་ཆེན་རིམ་པའི་རྩྭ་ཐང་གནོད་འབུ་སྐྱེ་དངོས་འགོག་སྲུང་ཚད་ལྡན་ཅན་ཚོད་ལྟ་ས་ཁུལ་གྱི་ལས་གཞི་བདེ་བླག་ངང་སྤེལ།
2020.08.05 ཁུངས། ཀློག་གྲངས། 154

ཉེ་བའི་ལོ་འགའི་རིང་། མཚོ་སྔོན་ཞིང་ཆེན་གྱིས་སྔོ་ལྗང་གི་རི་ཆུ་ནི་གསེར་རི་དང་དངུལ་རི་ཡིན་པའི་འདུ་ཤེས་དང་། སྐྱེ་ཁམས་ཀྱི་ཞིང་ཆེན་འཛུགས་པའི་ཇུས་གཞི་ནན་ཏར་གྱིས་ལག་བསྟར་བྱེད་བཞིན་ཡོད་ཅིང་། མི་མེད་གནམ་གྲུ་དང་བོངས་ཆེའི་འཕྲུལ་ཆས་བཀོལ་ནས་རྩྭ་ཐང་གི་གནོད་འབུ་འགོག་སྲུང་བྱས་ཏེ་གྲུབ་འབྲས་ངེས་ཅན་བླངས་པར་མ་ཟད། ཞིང་ཆེན་ཡོངས་ཀྱི་རྩྭ་ཐང་གནོད་འབུའི་འགོག་སྲུང་ལས་གཞིའི་ཁྲོད་གཞི་རྒྱ་ཆེན་པོར་ཁྱབ་སྤེལ་ལག་ལེན་བྱེད་བཞིན་ཡོད། ལས་གཞི་འདི་ནི་རྩྭ་ཐང་གནོད་འབུ་སྐྱེ་དངོས་འགོག་སྲུང་བྱེད་པའི་ཚད་ལྡན་མ་ལག་བཙུགས་པ་བརྒྱུད། ཕན་འབྲས་ཆེ་བའི་སྒོས་གཙང་གསུམ་འབྱུང་ཡུལ་ཁུལ་གྱི་ཚབ་བྱེད་རྩེ་ཁོག་རྫོང་གི་རྩྭ་ཐང་གནོད་འབུའི་གནོད་པ་ཚོད་འཛིན་བྱས་ཏེ། རྩྭ་ཐང་གི་འབུས་གནོད་པ་ཇེ་ཉུང་དང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱིས་དཔལ་འབྱོར་གོང་འཕེལ་དང་། རང་བྱུང་རྩྭ་ཐང་གི་ཁེབས་ཚད་དང་རྩྭའི་སྐྱེ་སྟོབས་མཐོར་འདེགས་བྱས་ནས། འབྲོག་པའི་ཡོང་འབབ་ཇེ་མཐོར་གཏོང་བ་དམིགས་འབེན་དུ་བཅངས་ཡོད།

འགན་སྒྲུབ་ལས་ཁུངས་ཏེ་མཚོ་སྔོན་ཞིང་ཆེན་རྩྭ་ཐང་སྤྱི་ཚིགས་དང་། རྨ་ལྷོ་ཁུལ་རྩྭ་ཐང་ལས་གནས། རྩེ་ཁོག་རྫོང་རྩྭ་ཐང་རྨང་གཞི་འཛུགས་སྐྲུན་ཕྱོགས་བསྡུས་ཆེད་ལས་རུ་ཁག་སོགས་ཀྱིས་མཚོ་སྔོན་ཞིང་ཆེན་རྒྱུ་སྤུས་ལག་རྩལ་ལྟ་རྟོག་ཅུའུ་ཡིས་སྐུལ་བའི2018ལོའི་ཞིང་ཆེན་རིམ་པའི་ཞིང་ལས་ཚད་ལྡན་ཅན་ཚོད་ལྟའི་ལས་གཞི་སྟེ། རྩྭ་ཐང་གནོད་འབུ་སྐྱེ་དངོས་འགོག་སྲུང་ཚད་ལྡན་ཅན་ཚོད་ལྟའི་ལས་གཞི་དེ། 2018ལོ་ནས་བཟུང་རྨ་ལྷོ་ཁུལ་རྩེ་ཁོག་རྫོང་དུ་ལག་བསྟར་བྱེད་བཞིན་ཡོད། ལག་བསྟར་ལས་ཁུངས་སོ་སོས་ཐུན་མོང་འབད་བརྩོན་དང་ཆེད་ལས་མི་སྣའི་མཛུབ་སྟོན་འོག  ལས་གཞི་སོ་སོ་ལེགས་འགྲུབ་བྱུང་སྟེ་གྲུབ་འབྲས་མངོན་གསལ་ཐོན།

ལས་གཞི་འདི་ནི་མཚོ་སྔོན་ཞིང་ཆེན་རྩྭ་ཐང་སྤྱི་ཚིགས་ཀྱི་ཁུ་ཀྲང་གཞོན་པ་ཡོས་ཧོང་ཡན་གྱིས་ལག་རྩལ་ཚན་ཁག་གི་མགོ་གཙོ་བྱས་ཏེ། 2018 ལོའི་ཟླ7ནས 2020ལོའི་ཟླ 12 བར་ལོ 3ལ་ལག་བསྟར་བྱེད་པ་ཡིན་ལ། རྩྭ་ཐང་གནོད་འབུ་སྐྱེ་དངོས་འགོག་སྲུང་ཚད་ལྡན་ཅན་དཔེ་སྟོན་ཁུལ་ནི། རྨ་ལྷོ་ཁུལ་རྩེ་ཁོག་རྫོང་རྡོ་དཀར་ཞང་གི་ཐ་ཐོག་སྡེ་བ་དང་། རྡོ་དཀར་སྡེ་བ། ཆུ་དམར་སྡེ་བ། རྟ་དཀར་སྡེ་བ། ཕྱུག་སྐྱ་སྡེ་བ་བཅས་གནོད་འབུ་འགོག་སྲུང་ལྟེ་བ་ས་ཁུལ་བྱས་ཏེ། ཚད་ལྡན་ཅན་གྱི་ཚོད་ལྟ་ས་ཁུལ་རྒྱ་ཁྱོན་མུའུ་ཁྲི་བཅུ་དང་། མིག་དཔེ་སྣེ་ཁྲིད་འབྲོག་ཁྱིམ2500ཡོད་ལ། བོན་བརྒྱ་ཡུལ་ཚོ་མཐུན་སྒྲིལ་སྡེ་བའི་འབུ་ཆ་གའི་འགོག་སྲུང་ལྟེ་བའི་ས་ཁུལ་དུ། ཚད་ལྡན་ཅན་གྱི་ཚོད་ལྟ་ས་ཁུལ་རྒྱ་ཁྱོན་མུའུ་ཁྲི5དང་། མིག་དཔེ་སྣེ་ཁྲིད་ཁྱིམ་ཚང1000ཡོད།

2018ལོར་ལས་གཞི་འདི་མགོ་བརྩམས་པ་ནས་བཟུང་། སྔ་རྗེས་སུ་འབྲེལ་ཡོད་ཆེད་མཁས་པ་གདན་འདྲེན་ཞུས་ནས། ཚོད་ལྟ་ས་ཁུལ་གྱི་འབྲོག་པ་དག་ལ་རྩྭ་ཐང་གནོད་འབུ་སྐྱེ་དངོས་འགོག་སྲུང་ཚད་ལྡན་ཅན་གྱི་ལག་རྩལ་ཞན་པར་དམིགས་ནས། ས་གནས་འབྲོག་པ150རེ་རྩ་འཛུགས་བྱས་ཏེ་ཡུལ་དངོས་དང་གཞུང་ལུགས་སློབ་ཁྲིད་ཀྱི་གསབ་སྦྱོང་འཛིན་གྲྭ་ཐེངས་གཉིས་སྤེལ་ཞིང་། མི་གྲངས300ལ་གསབ་སྦྱོང་བྱས་ཏེ། ལག་རྩལ་ཚན་ཆུང་གིས་སྒྲིག་འདོན་བྱས་པའི་དཔེ་དེབ《རྩྭ་ཐང་གནོད་འབུ་སྐྱེ་དངོས་འགོག་སྲུང་འབྲོག་དམངས་ལག་རྩལ་ལག་དེབ》100ལྷག་མང་ཚོགས་ལ་གནང་ནས། ཚོད་ལྟ་ས་ཁུལ་གྱི་འབྲོག་པས་རྩྭ་ཐང་གནོད་འབུ་སྐྱེ་དངོས་འགོག་སྲུང་ཚད་ལྡན་མ་ལག་འཛུགས་སྐྲུན་བྱེད་པར་རྒྱུས་ལོན་དང་ངེས་ཤེས་འདྲོངས་པར་མཐོར་འདོགས་བྱས་ཏེ། སྔར་ལས་ལྷག་པར་ཚད་ལྡན་ཅན་གྱི་དཔེ་སྟོན་ཁུལ་འཛུགས་སྐྲུན་བྱེད་པར་སྣེ་ཁྲིད་ནུས་པ་ཇེ་མགྱོགས་སུ་བཏང་།

2019 ལོའི་ཟླ7་པར། ཚོད་ལྟའི་ལས་གཞིའི་རྩྭ་ཐང་གནོད་འབུ་སྐྱེ་དངོས་འགོག་སྲུང་ཚད་ལྡན་ཅན་དཔེ་སྟོན་ཁུལ་གྱི་རྒྱ་ཁྱོན་མུའུ་ཁྲི 15སླེབས་ལ། དཔེ་སྟོན་སྣེ་ཁྲིད་འབྲོག་ཁྱིམ3000ལྷག་ལ་སླེབས། དཔྱི་ས་ཡུལ་ཚོ་དང་། གཡུ་སྒང་ཉིན་སོགས་ས་ཁོངས་ཀྱི་ཁྱབ་ཁོངས་རྒྱ་ཁྱོན་མུའུ4500ལ་སླེབས་ལ།   ཉེ་འཁོར་འབྲོག་ཁྱིམ་ལ་ཁྱབ་ཚད་ཁྱིམ་གྲངས4000ལ་སླེབས།

སྐྱེ་དངོས་སྨན་གྱིས་རྩྭ་ཐང་གནོད་འབུ་འགོག་སྲུང་བྱེད་པའི་ལག་རྩལ་ལག་ལེན་བྱས་པ་བརྒྱུད། རྩྭ་ཐང་གནོད་འབུའི་འགོག་སྲུང་ཚད85%སླེབས་ཤིང་། ཚོད་ལྟ་ས་ཁུལ་གྱི་སྐྱེ་དངོས་ཁེབས་ཚད80%ཡན་ལ་སླེབས་ལ། རྩྭ་སྤུས་ལེགས་སྐྱེ་ཚད10.6%མཐོར་འདེགས་བཏང་པ་དང་། བཟའ་ཆོག་པའི་རྩྭའི་ཐོན་སྐྱེད་ཚད8.5%མཐོར་འདེགས་བྱས། ལས་གཞི་འདི་ལག་བསྟར་བྱས་པ་བརྒྱུད་ལག་རྩལ་ཚད་ལྡན་ཅན་ཁྱབ་སྤེལ་བྱས་ཤིང་། ལྗང་མདོག་དང་ནུས་ལྡན། སྔོན་ཐོན་གྱི་སྐྱེ་དངོས་འགོག་སྲུང་བྱེད་ཐབས་ཀྱིས་ཚོད་ལྟ་ས་ཁུལ་གྱི་དཔེ་སྟོན་བྱ་བ་ལེགས་འགྲུབ་བྱས་ཏེ། གཙང་གསུམ་འབྱུང་གྱི་སྐྱེ་ཁམས་ཕྱུགས་ལས་བདེ་ཐང་གོང་འཕེལ་འགྲོ་བར་ཕྱོགས་ཡོངས་ནས་སྐུལ་འདེད་དང་། སྐྱེ་ཁམས་ཁོར་ཡུག་ལ་ནུས་པ་ལེགས་པོ་བཏོན་ཏེ་རང་བྱུང་རྩྭ་ཐང་སླར་གསོ་དང་སྲུང་སྐྱོབ་བྱས།