རྒྱལ་ཡོངས་བོད་ཡིག་སྨྱན་སྦྱོར་མཐུན་སྦྱོར་ཚོགས་འདུ་མཚོ་ལྷོ་ཁུལ་ཁྲི་ཀ་རྫོང་ནས་གྲོལ།
2020.08.07 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 213

ཚོགས་ཡུན་ཉིན་བཞི་ཡིན་པའི་རྒྱལ་ཡོངས་བོད་ཡིག་སྨྱན་སྦྱོར་མཐུན་སྦྱོར་ཚོགས་འདུ་སྐབས་ཉི་ཤུ་པ་ཟླ་བརྒྱད་པའི་ཚེས་གསུམ་ཉིན་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཆབ་ཆ་གྲོང་རྡལ་ནས་ཚོགས་འགོ་བརྩམས་པ་དང་།ཚེས་དྲུག་ཉིན་གྱི་ཕྱི་དྲོར་ཁྲི་ཀ་རྫོང་ནས་གྲོལ།

ཐེངས་འདིའི་ཚོགས་འདུ་ནི་མཚོ་ལྷོ་ཚགས་པར་ཁང་དང་།མཚོ་ལྷོ་རྒྱང་སྒྲོག་བརྙན་འཕྲིན་ཁང་།མཚོ་ལྷོ་ཁུལ་བོད་ཡིག་ཆ་འཕྲིན་ལག་རྩལ་ལྟེ་གནས།མཚོ་ལྷོ་ཁུལ་མི་རིགས་སྐད་ཡིག་བྱ་བའི་ལྟེ་གནས་བཅས་ཀྱིས་མཉམ་དུ་གཉེར་བ་དང་།ཚོགས་འདུའི་བརྗོད་དོན་ནི“སྨྱན་སྦྱོར་མྱུར་དུ་མཉམ་འདྲེས་གོང་སྤེལ་གཏོང་བ་དང་།ཀུན་འདུས་སྨྱན་སྦྱོར་གྱི་རྣམ་པ་བསྐྲུན་པ”ཞེས་པ་དེ་རེད།པེ་ཅིང་དང་བོད་ལྗོངས།མཚོ་སྔོན།སི་ཁྲོན།ཡུན་ནན།ཀན་སུའུ་བཅས་ནས་ཡོང་བའི་རྒྱལ་ཡོངས་ཀྱི་བོད་ཡིག་ཚགས་པར་ཁང་དང་།རྒྱང་སྒྲོག་བརྙན་འཕྲིན་ཁང་།གསར་འགྱུར་དྲ་ཚིགས་སོགས་ལས་ཁུངས་ལྔ་བཅུ་ཙམ་གྱི་ཆེད་ལས་མཁས་པ་དང་སྨྱན་སྦྱོར་མི་སྣ་བརྒྱ་ལྷག་ཚོགས་འདུར་ཞུགས།

ཚོགས་འདུའི་སྟེང《རྒྱལ་ཡོངས་བོད་ཡིག་སྨྱན་སྦྱོར་མཐུན་སྦྱོར་ཚོགས་འདུ་སྐབས་ཉི་ཤུ་པའི་གསར་འགྱུར་བརྩམས་ཆོས་ལེགས་གདམ་གྱི་བྱ་བ་བཟང་བོར་བསྒྲུབ་པའི་བརྡ་ཁྱབ》ཀྱི་བླང་བྱ་ལྟར།ཚགས་པར་དང་རྒྱང་སྒྲོག་བརྙན་འཕྲིན།དྲ་ཚིགས་བཅས་ཀྱི་འགྲན་ཞུགས་གསར་འགྱུར་བརྩམས་ཆོས་སུམ་བརྒྱ་དང་ལྔ་བཅུ་ལྷག་འབྱོར་བ་ལེགས་འདེམ་བྱས་པ་དང་།བརྡ་ཆད་གསར་པ་བརྒྱད་ཅུ་གྱ་གཉིས་ཞུས་བཤེར་གཏན་འབེབས་བྱས།ཚོགས་འདུའི་སྐབས་སུ་ད་དུང་ཡོངས་འཛིན་APPཔར་གཞི་གསར་པ་དང་ཡོངས་འཛིན་གཏག་ཐབས་འགྲེམ་སྤེལ་བྱས་པ་དང་།སྨྱན་སྦྱོར་གཅིག་མཐུན་སྒོས་གོང་སྤེལ་གྱི་ཉམས་མྱོང་བརྗེ་རེས་ཚོགས་འདུ་བསྡུས་ལ།མཚོ་ལྷོའི་ས་ཆ་ཁ་ཤས་སུ་ཆེད་དོན་བཅར་འདྲི་བྱས།

མཚོ་སྔོན་ཉིན་རེའི་ཚགས་པར་ཁང་གི་སྤྱི་ཁྱབ་རྩོམ་སྒྲིག་པ་གཞོན་པ་ཚེ་མགོན་གྱིས་རྒྱལ་ཡོངས་བོད་ཡིག་སྨྱན་སྦྱོར་མཐུན་སྦྱོར་ཚོགས་འདུའི་རྩ་འཛུགས་ཨུ་ཡོན་ལྷན་ཁང་གི་ཚབ་བྱས་ཏེ་བཤད་རྒྱུར།རྒྱལ་ཡོངས་བོད་ཡིག་སྨྱན་སྦྱོར་མཐུན་སྦྱོར་ཚོགས་འདུས་སྨྱན་སྦྱོར་སོ་སོའི་བར་དུ་མཐུན་སྦྱོར་བརྗེ་རེས་བྱེད་པའི་འགན་གལ་ཆེན་འཁུར་ཡོད་ལ།བོད་ཡིག་སྨྱན་སྦྱོར་བར་དུ་བརྗེ་རེས་དང་མཐུན་སྦྱོར་བྱེད་པ་དང་།ཐོན་ཁུངས་མཉམ་སྤྱོད་བྱེད་པར་ཤུགས་སྣོན་རྒྱུ་ནི་ཧ་ཅང་གལ་ཆེ་ཟེར།

ཐེངས་འདིའི་ཚོགས་འདུའི་སྟེང་མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་བོད་སྐད་རླུང་འཕྲིན་གྱི་གསར་འགྱུར་བརྩམས་ཆོས་ལ་བྱ་དགའ་ཨང་དང་པོ་གསུམ་དང་།བྱ་དགའ་ཨང་གསུམ་པ་གཉིས་ཐོབ་ཡོད།


གསར་འགོད་པ། ཕྱུག་ལོ། ནོར་བུ་མཚོ། རྟ་མགྲིན་མཚོ།