མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ་སོགས་སྡེ་ཁག་བཅོ་ལྔ་ཡིས་ཡིག་ཆ་བཏོན་ནས་ཞིང་བ་ལས་བཟོ་བའི་ལས་ཞུགས་ལས་སྐྲུན་ལ་སྐུལ་འདེད་གཏོང་དགོས་པའི་སྐུལ་མ་བཏང་།
2020.08.08 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 34

གསར་འགོད་པས་ཚེས་བདུན་ཉིན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཉེ་སྔོན་རྒྱལ་སྲིད་སྤྱི་ཁྱབ་ཁང་ཡིད་འཐད་བྱུང་བ་བརྒྱུད། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ་དང་རྒྱལ་ཁབ་འཕེལ་རྒྱས་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་སོགས་སྡེ་ཁག་བཅོ་ལྔ་ཡིས་མིག་སྔར་ཞིང་བ་ལས་བཟོ་བའི་ལས་ཞུགས་ལས་སྐྲུན་བྱ་བ་བཟང་བོར་བསྒྲུབ་པའི་འབྲེལ་ཡོད་བསམ་འཆར་པར་བསྐྲུན་བྱས། བསམ་འཆར་དེ་ལས་བསྟན་དོན། ཚོང་རའི་ལས་ཞུགས་དང་སྲིད་གཞུང་གིས་སྐུལ་འདེད་གཏོང་བ་ཟུང་འབྲེལ་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། མཁར་གྲོང་གི་རྒྱུན་སྡོད་ཞིང་བ་ལས་བཟོ་བའི་ལས་ཞུགས་གཏན་འཇགས་ཡོང་བ་དང་། ཞིང་བ་ལས་བཟོ་བའི་ལས་ཞུགས་གནས་བབ་སྤྱི་ཕྱོགས་ནས་གཏན་འཇགས་ཡོང་བར་འགན་སྲུང་བྱས་ཏེ། དཀའ་ཁག་ཆེ་བའི་ཞིང་བ་ལས་བཟོ་བར་དུས་ལྟར་རོགས་སྐྱོར་བྱེད་དགོས་པར་བསྟན། 

བསམ་འཆར་ལས་བསྟན་དོན། ཞིང་བ་ལས་བཟོ་བའི་ལས་ཞུགས་ལས་སྐྲུན་ལ་སྐུལ་འདེད་གཏོང་བ་དེ་ཞིང་བའི་ཡོང་འབབ་འཕར་ནས་ཕྱུག་འགྱུར་བྱེད་པར་འབྲེལ་བ་ཡོད་པ་དང་། ལས་ཞུགས་ཀྱི་ཆེ་ཕྱོགས་གཏན་འཇགས་ལ་འབྲེལ་བ་ཡོད་པར་མ་ཟད། དབུལ་ཐར་མཁྲེགས་གཏོར་གྱི་རྒྱལ་ཁ་དང་འབྲེལ་བ་ཡོད་ཟེར། བསམ་འཆར་ལས་ཕྱོགས་བཞིའི་སྲིད་ཇུས་བྱེད་ཐབས་བཏོན་ཡོད་དེ། གཅིག་ནས་ཕྱིར་སོང་ནས་ལས་ཞུགས་བྱེད་པའི་ཐབས་ལམ་རྒྱ་བསྐྱེད་དགོས། གཉིས་ནས་ས་གནས་རང་དུ་ལས་ཞུགས་བྱེད་པར་སྐུལ་འདེད་གཏོང་དགོས། གསུམ་ནས་འདྲ་མཉམ་གྱི་ལས་ཞུགས་ཞབས་ཞུ་དང་ཁེ་དབང་འགན་སྲུང་ཇེ་དྲག་ཏུ་གཏོང་དགོས། བཞི་ནས་དབུལ་ཕོངས་ངལ་རྩོལ་པའི་ལས་གནས་ལས་ཞུགས་གཏན་འཇགས་ཡོང་བར་འགན་སྲུང་བྱེད་དགོས། 

བསམ་འཆར་ལས་རིམ་པ་སོ་སོའི་མི་དམངས་སྲིད་གཞུང་གིས་ཞིང་བ་ལས་བཟོ་བའི་ལས་ཞུགས་ལས་སྐྲུན་བྱ་བར་མཐོང་ཆེན་བྱས་ཤིང་། ལས་ཞུགས་འགན་སྲུང་དང་སྡོད་དམངས་ཀྱི་ལས་ཞུགས་ལ་ཁག་ཐེག་བྱེད་པའི་གནད་སར་བྱས་ཏེ། སྤྱི་བའི་ལས་ཞུགས་ཞབས་ཞུའི་མ་ལག་འཐུས་ཚང་དུ་གཏོང་བ་དང་། ཞིང་བ་ལས་བཟོ་བའི་ལས་ཞུགས་ལས་སྐྲུན་སྲིད་ཇུས་ཀྱི་དངོས་འབེབ་ཤུགས་ཚད་ཇེ་ཆེར་གཏོང་བ། རིགས་སྣ་ཚོགས་ཀྱི་མ་དངུལ་བེད་སྤྱོད་གང་ལེགས་བྱེད་པར་གཅིག་གྱུར་བཀོད་འདོམ་བྱེད་པ། ཞིང་བ་ལས་བཟོ་བའི་ལས་ཞུགས་ཁ་གྲངས་དེ་མཁར་གྲོང་འཛུགས་སྐྲུན་ཞིང་སའི་རྒྱ་ཁྱོན་ཇེ་ཆེར་གཏོང་བའི་རྒྱུ་རྐྱེན་གལ་ཆེན་དུ་བྱས་ནས། ཞིང་བ་ལས་བཟོ་བས་འདྲ་མཉམ་ངང་ལས་ཞུགས་ཞབས་ཞུའི་སྲིད་ཇུས་ལོངས་སུ་སྤྱོད་པར་འགན་སྲུང་བྱེད་དགོས་པའི་རེ་བ་བཏོན། 




ལོ་ཙཱ་བ། བསོད་ནམས་ཚེ་རིང་།