མཚོ་སྔོན་ཞིང་ཆེན་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལས་ཁུངས་ཀྱི་འགོ་ཁྲིད་ཚན་ཁག་གིས་གསོ་སྦྱོང་སྤེལ།
2020.09.08 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 20

ཟླ་དགུ་པའི་ཚེས་བཞི་ཉིན། མཚོ་སྔོན་ཞིང་ཆེན་གྱི་སྐྱེ་ཁམས་ཁོར་ཡུག་ཐིན་གྱིས་བསྡུས་པའི་ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་ཁུལ། རྫོང་། ས་ཁུལ་བཅས་སྐྱེ་ཁམས་ཁོར་ཡུག་ཅུའུ་ཡི་འགོ་ཁྲིད་ཚན་ཁག་གི་ཕྱོགས་བསྡུས་བྱང་ཚད་ནུས་པ་མཐོར་འདེགས་གཏོང་བའི་གསོ་སྦྱོང་འཛིན་གྲྭ་ཟི་ལིང་ནས་བསྡུས་པ་དང་། རང་ཞིང་གི་གྲོང་ཁྱེར་དང་ཁུལ། རྫོང་། ས་ཁུལ་བཅས་ཀྱི་སྐྱེ་ཁམས་ཁོར་ཡུག་ཅུའུ་འགོ་ཁྲིད་ཚན་ཁག་གི་མི་སོ་གཅིག་གསོ་སྦྱོང་ལ་ཞུགས།

ཐེངས་འདིའི་གསོ་སྦྱོང་ནི་ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིན་གྱིས་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བ་དང་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པའི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་པའི་བྱེད་ཐབས་གལ་ཆེན་དང་། མཚོ་སྔོན་ཞིང་ཆེན་གྱི་སྐྱེ་ཁམས་ཁོར་ཡུག་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་བསྒྱུར་བ། བཙོག་བཟོ་འགོག་བཅོས་མཁྲེགས་གཏོར་བྱ་བའི་རྒྱལ་ཁ་ལེན་པ། བློ་དཀར་དག་གཙང་དང་ཁག་ཁུར་ཡོད་པའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དཔུང་སྡེ་སྦྱོང་བརྡར་བྱེད་པའི་བྲེལ་མྱུར་དགོས་མཁོ་ཡིན།

ཐེངས་འདིའི་གསོ་སྦྱོང་གི་དམིགས་འབེན་ནི་གཅིག་བསྡུས་སྒོས་གསོ་སྦྱོང་སྤེལ་བ་བརྒྱུད་དེ། ཆེས་ཆེ་བ་གསུམ་གྱི་ཞིང་ཆེན་གནས་ཚུལ་ཐད་ཀྱི་ངོས་འཛིན་ཇེ་ཟབ་ཏུ་གཏོང་བ་དང་། ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་ལས་ཁུངས་ཀྱི་འགོ་ཁྲིད་ལས་བྱེད་པའི་ཆེད་ལས་བསམ་བློ་དང་ཕྱོགས་བསྡུས་ནུས་པ་མཐོར་འདེགས་གཏོང་བ། འགན་འཁྲིའི་འདུ་ཤེས་དང་བྲེལ་མྱུར་འདུ་ཤེས་ཇེ་དྲག་ཏུ་གཏོང་བ། སྣེ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། རྨ་འབྲི་རྫ་གསུམ་འབྱུང་ཡུལ་ལ་སྲུང་སྐྱོབ་བྱེད་པ་དང་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་ལྕགས་རི་བརྟན་པོ་འཛུགས་པ། ཆུ་བོའི་འབབ་རྒྱུན་མི་ཆད་པར་ཁག་ཐེག་བྱེད་པའི་ཐད་བྱས་རྗེས་ཆེན་པོ་འཇོག་རྒྱུ་དེ་རེད།

རྒྱུས་ལོན་བྱུང་བ་ལྟར་ན། ཐེངས་འདིའི་གསོ་སྦྱོང་དེ་སྐབས་གསུམ་ལ་བགོས་ནས་ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་ཁུལ། རྫོང་། ས་ཁུལ་སོ་སོའི་སྐྱེ་ཁམས་ཁོར་ཡུག་ཅུའུ་ཡི་འགོ་ཁྲིད་ཚན་ཁག་ཏུ་ཡོངས་སུ་ཁེབས་པར་བྱེད་རྒྱུ་རེད།

ལོ་ཙཱ་བ། རིན་ཆེན་མཚོ།