མཚོ་ལྷོ་ཁུལ་གྱི་ལས་རིགས་ཁག་གི་གྲུབ་འབྲས་མངོན་གསལ་བླངས།
2020.09.09 ཁུངས། ཀློག་གྲངས། 276

གངས་ལྗོངས་མེ་ལོང་དྲ་བའི་འཕྲིན། (གསར་འགོད་པ། ཐུབ་བསྟན། ཐུབ་བསྟན་རྡོ་རྗེ། ཚེ་རིང་སྒྲོལ་མ)སྤྱི་ཟླ་དགུ་བའི་ཚེས་བརྒྱད་ཉིན་བཅརའདྲི་ཚོགས་པ་མཚོ་ལྷོ་ཁུལ་ཀྱི་ལས་ཁུངས་སྐོར་ཅིག་སོང་ནས་གནས་ཚུལ་ལ་རྒྱུས་ལོན་བྱས། 

མཚོ་ལྷོ་བོད་སྨན་ཁང་ལ་མཚོན་ན་དུས་རབས་སྔོན་མའི་ལོ་རབས་བརྒྱད་ཅུ་བ་ནས་བཟུང་། སྨན་བཅོས་དང་སློབ་ཁྲིད། སྨན་རྫས་སྡེབ་སྦྱོར་སོགས་གཞི་གཅིག་ཏུ་སྒྲུབ་ཀྱིན་པའི་བོད་སྨན་ཁང་ཞིག་ཡིན་ལ། ཁུལ་ཡོངས་ཀྱི་མི་གྲངས་འབུམ་བཞི་ཁྲི་བདུན་ལྷག་གི་བདེ་ཐང་ལ་འགན་ལེན་བྱེད་བཞིན་ཡོད། དེ་མིན་ཁུལ་ཡོངས་ཀྱི་བོད་སྨན་གྱི་ལས་སྒོའི་ལག་རྩལ་མཛུབ་སྟོན་ལྟེ་གནས་དང་བོད་སྨན་ལས་རིགས་ཀྱི་འཇོན་མི་གསོ་སྦྱོང་དང་དངོས་སྦྱོང་གི་རྟེན་གཞི་ཡང་ཡིན། ལྷག་པར་ཉེ་བའི་ལོ་འདི་དག་གི་རིང་ལ་གོང་རིམ་མགོ་ཁྲིད་ཀྱི་རྒྱབ་སྐྱོར་དང་ལས་ཁུངས་རང་གི་འབད་པ་ལ་བརྟེན་ནས། འཛུགས་སྐྲུན་གྱི་གཞི་ཁྱོན་ཇེ་ཆེ་དང་སྒྲིག་ཆས་འཐུས་ཚང་དུ་གཏོང་བ། སྨན་རྫས་སྡེབ་སྦྱོརལ་ཤུགས་སྣོན། ཞབས་ཞུ་སྤུས་ལེགས་ཅན་དུ་གཏོང་བ། འཇོན་མི་གསོ་སྐྱོང་བྱས་པ་སོགས་ཀྱི་དབང་གིས་མཚོ་ལྷོ་ཁུལ་ཁོ་ན་མ་ཡིན་པའི་སི་ཁྲོན་དང་ཡུས་ཧྲུའུ། མགོ་ལོག མཚོ་ནུབ། མཚོ་བྱང་སོགས་ས་ཁུལ་གཞན་གྱི་ནད་པ་མང་པོ་ཐོན་ནས་སྨན་བཅོས་བྱེད་བཞིན་ཡོད་དེ། ལོ་གཅིག་ལ་ནད་པ་ཞག་སྡོད་བྱས་ནས་སྨན་བཅོས་བྱེད་མཁན་གྱི་སྟོང་ལྔ་ལ་ཉེ་བ་དང་སྒོ་བསྟེན་སྨན་བཅོས་བྱེད་མཁན་གྱི་ནད་པ་ཁྲི་གཅིག་དང་སྟོང་གཉིས་ལྷག་ཡོད་པས། སྨན་བཅོས་ཀྱི་ཐད་ནས་གྲུབ་འབྲས་མངོན་གསལ་བླངས་ཡོད་ལ་ཀུན་གྱིས་ཁས་ལེན་དང་བསྟོད་བསྔགས་ཀྱང་བྱེད་བཞིན་ཡོད།

གཞན་ཡང་མཚོ་ལྷོ་ཁུལ་བོད་སྨན་ཁང་ལ་མུ་ཏིག་བདུན་ཅུ་དང་རིན་ཆེན་མང་སྦྱོར། གཡུ་རྙིང་ཉེར་ལྔ་སོགས་བོད་སྨན་གོ་གཅིག་སྡེབ་སྦྱོར་དང་ཐོན་སྐྱེད་བྱས་ཆོག་པའི་ཆོག་མཆན་ཐོབ་ཡོད་ལ། རྒྱལ་ཡོངས་འཕྲོད་བསྟེན་སྔོན་ཐོན་སྡེ་ཁག་དང་རྒྱལ་ཡོངས་ཀྱི་དཔེ་སྟོན་བོད་སྨན་གསོ་རིག་སྨན་ཁང་སོགས་རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་གཟེངས་རྟགས་ཀྱང་མང་དུ་ཐོབ་ཡོད།

མཚོ་སྔོན་གངས་རྩེ་ནོར་གནག་འོ་ལས་ཚད་ཡོད་འགན་ལེན་ཀུང་ཟིར་མཚོན་ན། 2013ལོར་ཀུང་ཟི་དངོས་སུ་བཙུགས་པ་ནས་ད་ལྟའི་བར་དུ་འོ་ལྡན་བཏུང་ཆུ་དང་འོ་སྐམ་སོགས་ཐོན་རྫས་ལྔ་བཅུ་ལྷག་ཐོན་སྐྱེད་བྱས་ཏེ། རྒྱལ་ནང་ནས་གཞི་ཁྱོན་ཅུང་ཆེ་ཞིང་ལས་སྣོན་གྱི་གོ་རིམ་འཐུས་ཚང་བའི་ནོར་གནག་འོ་ལས་ཀྱི་རྟེན་གཞི་ཞིག་ཏུ་གྱུར་ཡོད་ལ། ཐོན་རྫས་ཐོན་སྐྱེད་བྱེད་ཚད་ཅུང་ཆེ་བའི་ཁེ་ལས་ཤིག་ཏུའང་གྱུར་ཡོད། འདས་པའི་ལོ་ངོ་བཅུ་ལྷག་གི་འཕེལ་རྒྱས་བརྒྱུད། ཞིང་ཆེན་ཕྱི་ནང་དུ་ཡངས་ཤིང་རྒྱ་ཆེ་བའི་ཚོང་གཉེར་གྱི་ལམ་བུ་ལེགས་པོ་ཞིག་བསྐྲུན་ཡོད་དེ། མཚོ་སྔོན་ཞིང་ཆེན་གྱི་ས་ཁུལ་དག་གཞི་རྟེན་དུ་བཟུང་ནས་རིམ་བཞིན་པེ་ཅིང་དང་ཧྲང་ཧེ། ཀོང་ཀྲོའུ་སོགས་རྒྱལ་ནང་གི་གྲོང་ཁྱེར་ཆེ་གྲས་དག་ལ་རྒྱ་བསྐྱེད་བཞིན་ཡོད་པ་མ་ཟད། ཧྭ་ཤར་ས་ཁུལ་དང་ལྷོ་ནུབ་ས་ཁུལ། ནུབ་བྱང་ས་ཁུལ། བྱང་ཤར་ས་ཁུལ་སོགས་སུའང་རྒྱ་བསྐྱེད་མུས་ཡིན། དེའི་ཁྲོད“མཚོ་སྔོན་པོ”རྟགས་ཅན་གྱི་ཐོན་རྫས་ནི་ཀོང་ཀྲོའུ་ཐེན་ཧི་དང་ཐེན་ཅིན་ཧེ་ཞིན། ཏ་རོན་ཧྥ་སོགས་རྒྱལ་ནང་གི་ཆེད་གཉེར་ཁེ་ལས་སུམ་ཅུ་ལྷག་ན་ཕྱིར་འཚོང་བྱེད་བཞིན་ཡོད་པས་དཔལ་འབྱོར་འཕེལ་རྒྱས་དང་ཚོང་གཉེར་ལམ་བུའི་ཐད་ནས་གྲུབ་འབྲས་མངོན་གསལ་བླངས་ཡོད།


མཚོ་ལྷོ་ཁུལ་བོད་ཡིག་ཆ་འཕྲིན་ལག་རྩལ་ཞིབ་འཇུག་ལྟེ་གནས་ནི་མཚོ་ལྷོ་ཁུལ་བོད་ཀྱི་སྐད་ཡིག་བྱ་བའི་ཨུ་ཡོན་ལྷན་ཁང་གིས2013ལོ་ནས་ལས་གཞིའི་མགོ་བརྩམས་པ་ཡིན་ལ། ད་ལྟ་གསར་འགྱུར་དང་དྲ་ངོས། པར་རིས། བརྙན་རིས། གླུ་དབྱངས། རིག་མཛོད། ཡིག་ཚང་། དྲིས་ལན་བཅས་སྡེ་ཚན་པོ་བརྒྱད་ཅན་གྱི་བདག་ཉིད་ཅན་ཞིག་ཏུ་གྲུབ་ཡོད་ཅིང་། འཛམ་གླིང་ཡོངས་ནས་བོད་ཡིག་འཚོལ་བཤེར་མ་ལག་ཆེས་ཐོག་མ་དང་ཆེས་ཆེ་ཤོས་སུ་ཆགས་ཡོད། 2016ལོའི་ཟླ8པའི་ཚེས22ཉིན་དངོས་སུ་ཤར་གཏོང་བྱས། འདིས་བོད་ཡིག་སྤྱོད་མཁན་གྱི་དྲ་དམངས་རྣམས་ཀྱི་ཁ་ཚ་དགོས་གཏུགས་སུ་གྱུར་བའི་འཚོལ་བཤེར་གྱི་དགོས་མཁོ་བསྐངས་དང་སྐོང་བཞིན་ཡོད་པ་མ་ཟད། ད་སྐབས་ལ་མཚོན་ནའང་དྲ་དམངས་ཡོངས་ཀྱི་དགོས་མཁོ་སྐོང་བ་གཞི་བྱས་ཐོག་བོད་ཡིག་ཆ་འཕྲིན་ལག་རྩལ་ཞིབ་འཇུག་གསར་སྤེལ་བཞིན་པའི་ཁེ་ལས་ཆུང་གྲས་དག་ལ་རོགས་འདེགས་དང་མཉམ་ལས་ཀྱིས་བོད་ཡིག་ཆ་འཕྲིན་ལག་རྩལ་མགྱོགས་མྱུར་རྒྱལ་ཡོངས་དང་མཐའ་ན་འཛམ་གླིང་ཧྲིལ་བོའི་ཆ་འཕྲིན་ཅན་གྱི་རླབས་རྒྱུན་ཁྲོད་མཉམ་བསྲེས་བྱེད་པར་ཤུགས་སྣོན་དང་འབད་འབུངས་བྱེད་བཞིན་ཡོད།