༼མཚོ་ལྷོའི་འཕོ་འགྱུར་གསར་བར་བལྟ། དག་ཞིང་མཚོ་ལྷོར་ཡང་བསྐྱར་འགྲིམས༽ཞེས་པའི་ཆེད་དོན་བཅར་འདྲིའི་བྱ་འགུལ་ལས་ཁག་གསུམ་པ། ཨ་མདོ་དམངས་སྲོལ་རིག་གནས་སྡེ་གསར་གྱི་དབུལ་ཐར་ལམ་བུ།
2020.09.10 ཁུངས། ཀློག་གྲངས། 245

གངས་ལྗོངས་མེ་ལོང་དྲ་བའི་འཕྲིན། (གསར་འགོད་པ། ཐུབ་བསྟན། ཐུབ་བསྟན་རྡོ་རྗེ། ཚེ་རིང་སྒྲོལ་མ) ཟླ་དགུ་བའི་ཚེས་དགུ་ཉིན་གྱི་སྔ་དྲོའི་དུས་ཚོད་བརྒྱད་ཀྱི་སྟེང་། ང་ཚོ་བཅར་འདྲི་ཚན་ཆུང་ཞོགས་པའི་ཉི་གཞོན་གྱི་འཛུམ་ཟེར་ཀློང་ནས་ཐེངས་འདིའི་བཅར་འདྲིའི་ས་ཚིགས་གཉིས་པ་སྟེ་ཞིན་ཧེ་རྫོང་དུ་བསྐྱོད། ཞིན་ཧེ་རྫོང་ནི་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ནུབ་ལྷོའི་མཚམས་སུ་ཆགས་ཡོད་ལ།  འབྲོག་ལས་གཙོ་བོར་གཉེར་བའི་རྫོང་ཞིག་ཡིན།  རྒྱལ་ཁབ་ཀྱི་སྲིད་ཇུས་བཟང་པོའི་ཉི་ཟེར་གྱིས་ས་གནས་མང་ཚོགས་ཀྱི་འཚོ་བར་སྔ་ན་མེད་པའི་དྲོད་ཁོལ་བསྩལ་ཡོད་པ་ཐོས་པས། ང་ཚོའི་བཅར་འདྲིའི་གོམ་ཁ་རྩི་གོར་ཐང་གྲོང་རྡལ༼ཞིན་ཧེ་རྫོང་ཨ་མདོ་དམངས་སྲོལ་རིག་གནས་སྡེ་གསར༽གྱི་ཕྱོགས་སུ་བསྒྱུར།

༼ཞིན་ཧེ་རྫོང་ཨ་མདོ་དམངས་སྲོལ་རིག་གནས་སྡེ་གསར༽ནི་ཞིན་ཧེ་རྫོང་གི་གྲོང་རྡལ་གསུམ་དང་། ཡུལ་ཚོ་བཞི། སྲིད་འཛིན་སྡེ་བ་ང་བདུན་གྱི་དབུལ་ཕོངས་ཁྱིམ་ཚང་བརྒྱད་བརྒྱ་གནས་སྤར་ནས་ཡོང་བ་ལས་གྲུབ་པ་དང་། རྒྱ་ཁྱོན་ལ་མུའུ་སྟོང་གཅིག་དང་ལྔ་བརྒྱ་ཡོད་ལ། འཛུགས་སྐྲུན་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་ཁྲི་དྲུག་དང་སྟོང་གཉིས་བརྒྱད་བརྒྱ་སུམ་ཅུ་ཡོད་ཅིང་།  ལས་གཞི་འདིའི་ཐད་ལ་བསྡོམས་པས་མ་དངུལ་སྒོར་མོ་དུང་ཕྱུར་གཉིས་དང་བྱེ་བ་གཅིག་ལྷག་བཏང་ཡོད་པ་རེད།



ཞིན་ཧེ་རྫོང་གིས་དཀའ་ངལ་ཆེ་བའི་མང་ཚོགས་རྣམས་ས་གཞན་དུ་གནས་སྤར་ནས་འབྱོར་ཕྱུག་གི་ལམ་དུ་བསྐྱོད་ཐུབ་པའི་དམིགས་འབེན་མངོན་འགྱུར་ཡོང་བར་ཁག་ཐེག་བྱེད་ཆེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དབུལ་སྐྱོར་བྱ་བའི་ཐད་ལ་བཏོན་པའི་གསུངས་བཤད་གལ་ཆེན་དང་།  ཀྲུང་དབྱང་དང་ཞིང་ཆེན་རིམ་པས་དབུལ་ཐར་མཁྲེགས་གཏོར་བྱ་བའི་ཐད་ལ་བཏོན་པའི་ཇུས་ཆོད་དངོས་འབེབ་གང་ལེགས་བྱས་ཏེ། དབུལ་ཕོངས་ཁྱིམ་ཚང་རྣམས་གནས་སྤོར་དུ་འཇུག་པའི་བྱ་བ་དེ་དབུལ་ཐར་བྱ་བའི་གནད་འགག་ཅིག་ཏུ་བཟུང་ནས། ཐོན་ཁུངས་སོ་སོ་ལེགས་སྒྲིག་དང་མ་དངུལ་གཅིག་བསྡུས་བྱས་ནས་དཀའ་ངལ་ཆེ་བའི་ཁྱིམ་ཚང་གི་མི་རྣམས་གནས་འདིར་བཀོད་སྒྲིག་བྱས།


        ཉིས་སྟོང་བཅུ་དགུ་ལོར། ཨ་མདོ་དམངས་སྲོལ་སྡེ་གསར་གྱིས་གློག་རྡུལ་ཚོང་དོན་ཞབས་ཞུའི་སྟེགས་བུ་བརྒྱུད་ནས་ས་གནས་རང་གི་ཁྱད་ཆོས་ལྡན་པའི་ཞིང་ཕྱུགས་ལས་ཐོན་རྫས་ཕྱིར་འཚོང་བྱས་ཏེ།  མང་ཚོགས་ཀྱི་ཡོང་སྒོ་འཕར་སྣོན་གཏོང་བར་འབད་བརྩོན་བྱེད་བཞིན་ཡོད་ལ། ད་ལྟའི་བར་དུ་ཕྱིར་འཚོང་བྱས་པའི་ཡོང་སྒོ་སྒོར་མོ་བྱེ་བ་གཅིག་དང་ས་ཡ་ལྔ་འབུམ་གསུམ་ཁྲི་དྲུག་ལྷག་ལ་སླེབས་ཤིང་། དེས་རོང་འབྲོག་པ་ཁྱིམ་ཚང་སྟོང་གཅིག་དང་བཞི་བརྒྱ་གྱ་གསུམ་གྱི་ཡོང་སྒོ་འཕར་སྣོན་ཡོང་བར་རོགས་རམ་བྱས་པ་དང་། དེའི་ནང་དབུལ་ཕོངས་ཁྱིམ་ཚང་གི་མི་བཞི་བརྒྱ་དང་ང་བཞི་ཡོད་ཅིང་། དེ་ནི་དབུལ་ཕོངས་མང་ཚོགས་རྣམས་ཀྱི་ཡོང་སྒོ་འཕར་སྣོན་གཏོང་བྱེད་ཀྱི་ཐབས་ལམ་གལ་ཆེན་ཞིག་ཡིན་པ་རེད། 

         རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་དབུལ་ཐར་གྱི་ལམ་དུ་མི་གཅིག་ཀྱང་ལུས་མི་རུང་ཞེས་གསུངས་པ་ནང་བཞིན། ཞིན་ཧེ་རྫོང་གིས་ཀྱང་དབུལ་ཐར་བྱ་བ་བཟང་བོར་བསྒྲུབས་པས2019ལོར་རྫོང་ཡོངས་ཀྱི་དབུལ་ཕོངས་མང་ཚོགས་རྣམས་དབུལ་ཐར་བྱེད་ཐུབ་པ་བྱུང་། དབུལ་ཐར་བྱ་བ་སྲ་བརྟན་དུ་གཏོང་བའི་ཐད་ནས་དབུལ་ཐར་མང་ཚོགས་རྣམས་སྡེ་གསར་འདིར་གནས་སྤར་རྗེས་ཁོ་ཚོར་ནགས་སྲུང་དང་། རྩྭ་སྲུང་། དོ་དམ་མི་སྣ་ཚོགས་ཀྱི་སྤྱི་ཕན་ལས་རྐང་བཀོད་སྒྲིག་བྱས་ཏེ་ཡོང་སྒོ་བཙལ་དུ་འཇུག་བཞིན་ཡོད་པ་དང་། ད་ལྟ་ཁོ་ཚོའི་འཚོ་བ་ཕྱོགས་གང་ཐད་ནས་ཇེ་རྒྱས་ཇེ་ལེགས་སུ་ཡོང་བའི་རྣམ་པ་མངོན་ཡོད།