༼མཚོ་ལྷོའི་འཕོ་འགྱུར་གསར་བར་བལྟ། དག་ཞིང་མཚོ་ལྷོར་ཡང་བསྐྱར་འགྲིམས་༽ཞེས་པའི་ཆེད་དོན་བཅར་འདྲིའི་བྱ་འགུལ་ལས་ཁག་དྲུག་པ། མཚོ་ལྷོ་ཁུལ་མི་རིགས་མཐོ་རིམ་སློབ་འབྲིང་ལྔ་པའི་སློབ་སྒྲུབ་ཀྱི་གནས་ཚུལ།
2020.09.12 ཁུངས། ཀློག་གྲངས། 179

གངས་ལྗོངས་མེ་ལོང་དྲ་བའི་འཕྲིན། (གསར་འགོད་པ། ཐུབ་བསྟན། ཐུབ་བསྟན་རྡོ་རྗེ། ཚེ་རིང་སྒྲོལ་མ།)  སྤྱི་ཟླ་དགུ་བའི་ཚེས་བཅུའི་ཉིན་གྱི་སྔ་དྲོར། ང་ཚོ་བཅར་འདྲིའི་ཚོགས་པ་ཞིན་ཧེ་རྗོང་ནས་ལམ་ལ་ཆས་ཏེ་བཅར་འདྲིའི་ས་ཚིགས་གསུམ་པ་སྟེ་ཐུན་ཏེ་རྫོང་གི་ཕྱོགས་སུ་བསྐྱོད། གནས་འདི་ནས་གནས་ཚུལ་རྒྱུས་ལོན་བྱ་ཡུལ་ནི་ཐུན་ཏེ་རྫོང་དུ་བཙུགས་ཡོད་པའི་མཚོ་ལྷོ་ཁུལ་མི་རིགས་མཐོ་རིམ་སློབ་འབྲིང་ལྔ་པ་ཡིན། མཚོ་ལྷོ་ཁུལ་མི་རིགས་མཐོ་རིམ་སློབ་འབྲིང་ལྔ་པ་ནི་ཐུན་ཏེ་རྫོང་གི་མཁར་གསར་ཁུལ་དུ་གནས་ཡོད་ལ། 2018ལོར་སློབ་གྲྭ་འདི་འཛུགས་པའི་མགོ་བརྩམས། ཞིང་ཆེན་དང་ཁུལ། རྫོང་རིམ་པ་བཅས་ནས་མ་དངུལ་ཁྱོན་བསྡོམས་སྒོར་བྱེ་བ་དགུ་དང་ས་ཡ་དགུ་ལྷག་བཏང་ནས་སྣ་འཛོམས་ཐོག་ཁང་གཅིག་དང་སློབ་ཁྲིད་ཐོག་ཁང་གཅིག མལ་ཁང་གི་ཐོག་ཁང་གཉིས། རྩལ་སྦྱང་ར་བ་སོགས་རིམ་པར་བཙུགས་ཏེ། སློབ་སྒྲུབ་ཀྱི་ཆ་རྐྱེན་ཡོངས་སུ་ཚང་ཞིང་གསོན་ཤུགས་ཀྱིས་བརྟས་ཡོད་པའི་སློབ་གྲྭ་གསར་བ་ཞིག་ཏུ་ཆགས་ཡོད་པ་མ་ཟད། ད་ལྟ་ལ་མཚོན་ནའང་མཐོ་རྒྱུགས་ཀྱི་བཅོས་བསྒྱུར་ལ་དམིགས་ནས་ཐོག་ཁང་གཅིག་གསར་འཛུགས་བྱེད་བཞིན་པའི་སྒང་ཡིན།

སློབ་གྲྭ་འདི་ཉིད་གསར་དུ་བཙུགས་པའི་རྐྱེན་གྱིས་མིག་སྔར་ལ་མཚོན་ན་མཐོ་གསུམ་འཛིན་གྲྭ་གཅིག་དང་མཐོ་གཉིས་འཛིན་གྲྭ་གཅིག མཐོ་གཅིག་འཛིན་གྲྭ་བདུན་བཅས་ལས་མེད་པ་དང་། སློབ་གྲྭ་འདིར་བོད་རིགས་དང་རྒྱ་རིགས། ཧེ་རིགས་བཅས་ཀྱི་སློབ་མ་ཡོད་ལ། སློབ་ཁྲིད་བྱེད་སྟངས་ལ་མཚོན་ནའང་རྒྱ་ཡིག་གཙོར་བཟུང་ནས་སློབ་ཁྲིད་བྱེད་པ་དང་བོད་གཙོར་བཟུང་ནས་སློབ་ཁྲིད་བྱེད་པ། རྒྱ་བོད་ཡིག་རིགས་གཉིས་མཉམ་འདྲེས་ངང་སློབ་ཁྲིད་བྱེད་པ་བཅས་རྣམ་པ་གསུམ་ཡོད། གཞན་ཡང་སློབ་མའི་སློབ་སྦྱོང་གི་སྤྲོ་སྣང་དང་སློབ་ཁྲིད་ཀྱི་སྤུས་ཚད་ལ་དམིགས་ནས་སྐྱེ་དངོས་ཚོད་ལྟ་ཁང་དང་རྫས་འགྱུར་ཚོད་ལྟ་ཁང་། དངོས་ལུགས་ཚོད་ལྟ་ཁང་། མཛེས་རྩལ་ཁང་། དཔེ་མཛོད་ཁང་། གློག་རྡུལ་ས་ཁྲ། ནུས་མང་སློབ་ཁང་སོགས་སློབ་སྒྲུབ་ཀྱི་ཆ་རྐྱེན་ཡོངས་སུ་ཚང་བར་བྱས་ཡོད།


སློབ་གྲྭ་འདིར་མཚོན་ན་མཚོ་ལྷོ་ཁུལ་དུ་བཙུགས་པའི་མི་རིགས་མཐོ་རིམ་སློབ་འབྲིང་ལྔ་པ་དེ་ཡིན་པས། སློབ་གྲྭའི་དོ་དམ་དང་སློབ་ཁྲིད་བྱེད་སྟངས། སློབ་མ་སྐྱོང་ལུགས་སོགས་ཀྱི་ཐད་ནས་སློབ་གྲྭ་གཞན་གྱི་ལེགས་ཆ་བསྡུ་ལེན་དང་རང་ཉིད་ཀྱི་ཁྱད་ཆོས་མངོན་པར་བྱས་ཏེ། རིམ་བཞིན་ཚད་ལྡན་ཅན་དང་ལམ་ལུགས་ཅན། ཞིབ་ཚགས་ཅན་གྱི་ཕྱོགས་སུ་འཕེལ་བར་བརྩོན་བཞིན་ཡོད་པ་དང་། དེ་མིན་རྒྱལ་ཁབ་ཀྱི་འདུ་ཤེས་དང་མཐུན་སྒྲིལ་གྱི་འདུ་ཤེས་སོགས་ཀྱི་ཐད་ནས་ཤུགས་བསྣན་ཏེ་མི་རིགས་མཐུན་སྒྲིལ་གྱི་བྱ་བའང་ལེགས་པོར་སྒྲུབ་བཞིན་ཡོད། སློབ་གྲྭས་ལས་གནས་ལ་དགའ་ཞེན་ཡོད་པ་དང་སྤྱོད་ཡོན་གཉིས་ལྡན་གྱི་དགེ་རྒན་མང་པོ་གསོ་སྐྱོང་བྱས་ཏེ། དཔལ་ཡོན་ལྡན་པའི་སློབ་རའི་རིག་གནས་འཛུགས་སྐྱོང་གནང་བ་དང་། “སློབ་མ་ཐམས་ཅད་ཆེས་ལེགས་པའི་རང་ཉིད་དུ་འགྱུར་བ་དང་མི་དམངས་ཀྱི་འདོད་བློ་ཚིམ་པའི”སློབ་སྒྲུབ་འདུ་ཤེས་ཤིག་སྐྱེད་སྲིང་བྱེད་པར་སྟོབས་ཤུགས་འདོན་བཞིན་ཡོད་ལ། སློབ་མ་རྣམས་རྒྱལ་ཁབ་ལ་དགའ་ཞེན་ཡོད་པ་དང་ཤེས་ཡོན་ཡོད་པ། ཀུན་སྤྱོད་ལྡན་པ། ཁ་དན་ཚིག་ལ་གནས་པ། ཕུགས་འདུན་ཡོད་པ་ཞིག་ཏུ་སྐྱེད་སྲིང་བྱས་ཏེ། མི་རིགས་མཐོ་རིམ་སློབ་འབྲིང་ལྔ་པ་འདི་ཉིད་གསོན་ཤུགས་ཀྱིས་ཕྱུག་པའི་དཔེ་སྟོན་སློབ་འབྲིང་ཞིག་ཏུ་འགྱུར་བར་བརྩོན་བཞིན་མཆིས།