ཐེམ་ཆེན་རྫོང་གིས་སྨན་པ་ཁྲི་གཞི་རིམ་དུ་བསྐྱོད་པའི་འོས་འགན་སྨན་བཅོས་བྱ་འགུལ་སྤེལ།
2020.09.15 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 35

ཟླ་དགུ་པའི་ཚེས་བདུན་ཉིན་ནས་ཚེས་བཅུ་གཅིག་ཉིན་བར། མཚོ་ནུབ་ཁུལ་སོག་བོད་སྨན་ཁང་གིས་སྨན་བཅོས་རུ་ཁག་རྩ་འཛུགས་བྱས་ནས་ཐེམ་ཆེན་རྫོང་ཞིན་ཡོན་གྲོང་རྡལ་འཕྲོད་བསྟེན་ཁང་དུ་སོང་ནས་དུས་ཡུན་ཉིན་ལྔའི་རིང་གི་འོས་འགན་སྨན་བཅོས་རོགས་སྐྱོར་བྱ་འགུལ་སྤེལ།

སྨན་པ་ཁྲི་ཡིས་ཞིང་སྡེའི་འཕྲོད་བསྟེན་བཟོ་སྐྲུན་ལ་རོགས་སྐྱོར་བྱེད་པའི་ལས་གཞི་ནི་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཇུས་ཆོད་བཀོད་སྒྲིག་ཡིན་ལ། གཙོ་བོར་སྤྱི་ཚོགས་རྩ་འཛུགས་ཀྱིས་ལོ་ལོན་ལ་རོགས་སྐྱོར་བྱེད་པ་དང་བྱིས་པར་སེམས་ཁུར་བྱེད་པ། དབང་བོ་སྐྱོན་ཅན་ལ་རོགས་སྐྱོར་བྱེད་པ། སྤྱི་ཚོགས་བྱ་བ། ནུས་པ་འཛུགས་སྐྲུན། མི་སྣ་གསོ་སྦྱོང་སོགས་སྤྱི་ཚོགས་ཞབས་ཞུའི་ཁྲོད་ཞུགས་པར་རྒྱབ་སྐྱོར་བྱས། ཐེངས་འདིའི་འོས་འགན་སྨན་བཅོས་བྱ་འགུལ་གྱིས་གཞི་རིམ་སྨན་བཅོས་མི་སྣར་སོག་བོད་ལུགས་གསོ་རིག་དང་སྨན་རྫས་ཀྱི་ལག་རྩལ་གསོ་སྦྱོང་དང་ཉིན་རྒྱུན་གྱི་མཛུབ་ཁྲིད་བྱ་བ་ཁྱབ་གདལ་དུ་བཏང་བ་མ་ཟད། སོག་བོད་སྨན་གྱི་སྔོན་འགོག་བདེ་སྲུང་དང་ནད་ཐོ་ཚད་དང་ལྡན་པ་འབྲི་བའི་ཕྱོགས་ནས་མཛུབ་ཁྲིད་བྱས་ནས། སོག་བོད་སྨན་གྱི་ལག་རྩལ་གྱིས་གཞི་རིམ་གྱི་རྒྱུན་མཐོང་ནད་རིགས་དང་བྱུང་ཚད་ཆེ་བའི་ནད་རིགས་འགོག་བཅོས་བྱེད་པའི་ཁྲོད་ཀྱི་དགེ་མཚན་དང་ནུས་པ་འདོན་སྤེལ་གང་ལེགས་བྱས།

ཐེངས་འདིའི་འོས་འགན་སྨན་བཅོས་བྱ་འགུལ་ཁྲོད་ཐེམ་ཆེན་རྫོང་གི་མང་ཚོགས་བཞི་བརྒྱ་ལྷག་སྨན་བཅོས་བྱེད་པར་ཡོང་བ་དང་། སྨན་བཅོས་རུ་ཁག་གིས་བསྡོམས་པས་ནད་པ་སུམ་བརྒྱ་དང་དོན་ལྔར་སྨན་བཅོས་བྱས་ལ། རིན་གྲངས་སྒོར་ཁྲི་དྲུག་གི་སྨན་རྫས་བྱིན་པ་དང་། སྨན་རིན་སྒོར་ཁྲི་གཅིག་དང་སྟོང་ལྔ་མེད་པར་བྱས་ལ། འཕྲོད་བསྟེན་ཁང་ལ་སྨན་བཀོལ་དུག་སེལ་དང་སྨན་རྫས་རིགས་བདུན་སོགས་སྨན་རྫས་མི་ཉུང་བ་བྱིན།

ལོ་ཙཱ་བ། རིན་ཆེན་མཚོ།