མཚོ་སྔོན་ཞིང་ཆེན་གྱིས་རྒྱལ་དམངས་རྒྱལ་སྲུང་སློབ་གསོ་ཉིན་མོའི་བརྗོད་དོན་བྱ་འགུལ་སྤེལ།
2020.09.20 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 42

ཟླ་དགུ་པའི་ཚེས་བཅུ་དགུ་ཉིན་ནི་དམངས་ཡོངས་རྒྱལ་སྲུང་སློབ་གསོ་ཉིན་མོ་ཐེངས་ཉི་ཤུ་བ་ཡིན་པ་དང་། མཚོ་སྔོན་ཞིང་ཆེན་གྱིས་དུས་རབས་གསར་བར་བསྐྱོད་པ་དང་དམག་དཔུང་སྟོབས་ལྡན་དུ་བསྒྱུར་བའི་ཕུགས་འདུན་མངོན་འགྱུར་བྱེད་པའི་བརྗོད་དོན་ལ་དམིགས་ནས། ཟི་ལིང་གྲོང་ཁྱེར་ལྟེ་གནས་ཐང་ཆེན་དུ་དམངས་ཡོངས་རྒྱལ་སྲུང་སློབ་གསོ་ཉིན་མོའི་བརྗོད་དོན་བྱ་འགུལ་སྤེལ། དམག་དཔུང་དང་ས་གནས་ཀྱི་མཉམ་འབྲེལ་རིག་རྩལ་འཁྲབ་སྟོན་དང་རྒྱལ་སྲུང་སློབ་གསོའི་བརྗོད་དོན་པར་རིས་འགྲེམ་སྟོན་གྱི་རྣམ་པ་བརྒྱུད་དེ། མང་ཚོགས་ལ་རྒྱལ་སྲུང་བཅའ་ཁྲིམས་ཁྲིམས་སྲོལ་ཤེས་བྱ་ཁྱབ་གདལ་དུ་བཏང་བ་དང་། བཅོས་བསྒྱུར་ལ་བརྟེན་ནས་དམག་དཔུང་སྟོབས་ལྡན་དུ་བསྒྱུར་བའི་ཐད་ཀྱི་གྲུབ་འབྲས་དྲིལ་སྒྲོག་བྱས་ལ། དམག་སྲིད་དམག་དམངས་མཐུན་སྒྲིལ་གྱི་སྣང་བརྙན་གསར་བ་འགྲེམ་སྟོན་བྱས་པ་དང་། རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱི་རྒྱལ་སྲུང་འདུ་ཤེས་དང་རྒྱལ་ཁབ་ལ་བཅངས་པའི་བརྩེ་སེམས་ཇེ་དྲག་ཏུ་བཏང་སྟེ། རྒྱལ་སྲུང་ལ་སེམས་ཁུར་བྱེད་པ་དང་རྒྱལ་སྲུང་ལ་རྒྱབ་སྐྱོར་བྱེད་པའི་སྣང་ཚུལ་སྟུག་པོ་བསྐྲུན།

ཐེངས་འདིའི་བརྗོད་དོན་བྱ་འགུལ་དེ་ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ་དང་ཞིང་ཆེན་དམག་ཁུལ་ཆབ་སྲིད་བྱ་བའི་ཅུའུ་གཉིས་ཀྱི་གཙོ་སྒྲུབ་བྱས་པ་དང་། ཞིང་ཆེན་རྒྱལ་སྲུང་སློབ་གསོ་གཞུང་སྒྲུབ་ཁང་དང་ཟི་ལིང་གྲོང་ཁྱེར་ཏང་ཨུའི་དྲིལ་སྒྲོག་པུའུ་གཉིས་ཀྱིས་འགན་ཁུར་ནས་བསྡུས་ལ། 2020ལོའི་དམངས་ཡོངས་རྒྱལ་སྲུང་སློབ་གསོའི་མུ་འབྲེལ་བྱ་འགུལ་གྲས་ཀྱི་གཅིག་ཡིན། བྱ་འགུལ་སྤེལ་བའི་ཉིན་དེར། མཚོ་སྔོན་ཞིང་ཆེན་དམག་ཁུལ་དང་དྲག་ཆས་མཚོ་སྔོན་སྤྱིའི་རུ་ཁག ཟི་ལིང་གྲོང་ཁྱེར་རིག་གནས་ཁང་སོགས་ཀྱི་དམག་སའི་རིག་རྩལ་བྱ་བ་སྒྲུབ་མཁན་གྱིས་ཡུལ་དངོས་ནས་ཕུན་སུམ་ཚོགས་པའི་རིག་རྩལ་འཁྲབ་སྟོན་བྱས། གཙོ་སྒྲུབ་ལས་ཁུངས་ཀྱིས་ད་དུང་ཐང་ཆེན་ནས་རྒྱལ་སྲུང་སློབ་གསོ་པང་ལེབ་ང་དྲུག་དང་ལོ་རྒྱུས་ཡིག་ཚགས་ཀྱི་འདྲ་པར་བཞི་བརྒྱ་ལྷག་འགྲེམ་སྟོན་བྱས་པ་དང་། ཡུལ་དངོས་ནས་རྒྱལ་སྲུང་སློབ་གསོ་བཅའ་ཁྲིམས་དང་དམངས་ཡོངས་རྒྱལ་སྲུང་སློབ་གསོ་རྩ་གནད། རྒྱལ་སྲུང་ཤེས་བྱ་དྲིལ་སྒྲོག་ཐོ་དེབ་ལྟེབ་མ་སོགས་དྲིལ་སྒྲོག་ཡིག་ཆ་སྟོང་བཞི་ལྷག་བཀྲམས།

འབྲེལ་ཡོད་འགན་ཁུར་མི་སྣས་ངོ་སྤྲོད་བྱས་པ་ལྟར་ན། དམངས་ཡོངས་རྒྱལ་སྲུང་སློབ་གསོ་བྱ་འགུལ་དེ་རྒྱུན་མཐུད་ངང་ལོ་མཇུག་བར་སྤེལ་རྒྱུ་ཡིན་པ་དང་། རིག་རྩལ་འཁྲབ་སྟོན་དང་པར་རིས་འགྲེམ་སྟོན། འཆད་ཁྲིད་འགྲན་བསྡུར། ཆེད་དོན་འཆད་ཁྲིད་སོགས་རྣམ་པ་མང་པོ་བརྒྱུད་དེ། གསར་བརྗེའི་གཞི་རྒྱུད་རྒྱུན་འཛིན་བྱེད་པ་དང་མཚོ་སྔོན་གསར་བའི་སྙིང་སྟོབས་དར་སྤེལ་གཏོང་བ། རྒྱལ་སྲུང་སློབ་གསོ་མི་སེམས་ལ་སིམ་པར་བྱེད་པ། རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ཀྱི་ཏང་གཅེས་རྒྱལ་གཅེས། དམག་གཅེས་ཀྱི་བསམ་བློའི་རྨང་གཞི་ཇེ་བརྟན་དུ་གཏོང་བ། དམག་དཔུང་གིས་མི་དམངས་ལ་གཅེས་པ་དང་མང་ཚོགས་ཀྱིས་དམག་དཔུང་ལ་བརྩི་བཀུར་བྱེད་པའི་རྣམ་པ་གྲུབ་པར་བྱས་ནས། དམངས་དམག་མཉམ་འབྲེལ་གྱིས་དུས་རབས་གསར་བར་སྐྱོད་པ་དང་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པའི་ཐད་བྱས་རྗེས་གསར་བ་འཇོག་རྒྱུ་རེད་ཟེར།