མཚོ་སྔོན་ཞིང་ཆེན་གྱི་དམངས་ཕན་ཁ་གསབ་རིགས་སྣ་བརྒྱ་ལྷག་སྤྱི་ཚོགས་འགན་སྲུང་གཅིག་སྤྱོད་བྱང་བུ་བརྒྱུད་དེ་སྟེར་ཐུབ་པ་བྱུང་།
2020.10.12 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 60

ཟླ་བཅུ་བའི་ཚེས་བཅུ་ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན་ནས་རྒྱུས་ལོན་བྱུང་བ་ལྟར་ན། མིག་སྔའི་བར་དུ། མཚོ་སྔོན་ཞིང་ཆེན་གྱི་དམངས་ཕན་ཞིང་ཕན་ཁ་གསབ་རིགས་སྣ་བརྒྱ་དང་བཅོ་ལྔ་སྤྱི་ཚོགས་འགན་སྲུང་གཅིག་སྤྱོད་བྱང་བུ་བརྒྱུད་དེ་མར་བྱིན་པ་དང་། བསྡོམས་པས་རིགས་མི་འདྲ་བའི་མ་དངུལ་དུང་ཕྱུར་དྲུག་དང་བྱེ་བ་བཞི་ལྷག་མར་བྱིན།

དམངས་ཕན་ཞིང་ཕན་ཁ་གསབ་མ་དངུལ་གཅིག་སྤྱོད་བྱང་བུ་བརྒྱུད་དེ་སྟེར་བའི་བྱ་བ་མགྱོགས་མྱུར་སྒོས་སྤེལ་ཆེད། ཞིང་ཆེན་མི་ཤུགས་ཐོན་ཁུངས་སྤྱི་ཚོགས་འགན་སྲུང་ཐིན་གྱིས་ཁ་གསབ་མ་དངུལ་སྟེར་བའི་འབྲེལ་ཡོད་དངུལ་ཁང་སྦྲེལ་མཐུད་བྱས་པ་བརྒྱུད་དེ། ཁ་གསབ་ལོངས་སྤྱོད་བྱེད་པའི་མི་སྣའི་བྱང་བུའི་གནས་ཚུལ་དང་དངུལ་རྩའི་རྩོལ་ནུས་བཀོལ་སྤྱོད་གནས་ཚུལ་ལ་རྒྱུས་ལོན་གསལ་བོ་བྱས་པ་མ་ཟད། ཞིང་སྡེ་དང་གཞིས་ཁུལ་དུ་སོང་ནས་བྱང་བུ་ཡོད་པའི་མི་སྣར་དངུལ་ཁང་གི་རྩིས་ཐོ་བཀོལ་སྤྱོད་དང་སྲིད་ཇུས་དྲིལ་སྒྲོག་གི་ཁྱིམ་སྐྱོད་ཞབས་ཞུ་འདོན་སྤྲོད་བྱས་ནས། སྤྱི་ཚོགས་འགན་སྲུང་བྱང་བུ་བཀོལ་སྤྱོད་བྱེད་ཚད་དང་དངུལ་རྩའི་རྩོལ་ནུས་བཀོལ་སྤྱོད་བྱེད་ཚད་མཐོར་འདེགས་བཏང་། མིག་སྔར། ཞིང་ཆེན་ཡོངས་ཀྱི་རྩྭ་སའི་སྐྱེ་ཁམས་སྲུང་སྐྱོབ་ཁ་གསབ་བྱ་དགའ་དང་རྩྭ་སའི་ཁ་གསབ། ཧ་ཅང་དཀའ་ཁག་ཆེ་བའི་མི་སྣའི་ཁ་གསབ། དབུལ་ཕོངས་སློབ་མའི་ཁ་གསབ། གནས་སྐབས་ལས་ཞུགས་ཀྱི་ཟླ་ཕོགས་སོགས་དམངས་ཕན་ཞིང་ཕན་ཁ་གསབ་ཡོངས་རྫོགས་སྤྱི་ཚོགས་འགན་སྲུང་བྱང་བུ་བརྒྱུད་དེ་བླངས་ཆོག་པ་དང་། སྤྱི་ཚོགས་འགན་སྲུང་གཅིག་སྤྱོད་བྱང་བུའི་དམངས་ཕན་སྟབས་བདེའི་ནུས་པ་འདོན་སྤེལ་གང་ལེགས་བྱས།

ཞིང་ཆེན་མི་ཤུགས་ཐོན་ཁུངས་སྤྱི་ཚོགས་འགན་སྲུང་ཐིན་གྱིས་སྤྱི་ཚོགས་འགན་སྲུང་བྱང་བུའི་ཞབས་ཞུའི་སྒེའུ་ཁུང་འཛུགས་སྐྲུན་ཐད་ཤུགས་སྣོན་པ་དང་། ཞབས་ཞུའི་ཕན་ནུས་མཐོར་འདེགས་གཏོང་བ། ཞབས་ཞུའི་འགྲོ་ལུགས་སྟབས་བདེ་རུ་བསྒྱུར་བ། སྤྱི་ཚོགས་འགན་སྲུང་བྱང་བུས་སྲིད་གཞུང་གི་སྤྱི་ཐུན་ཞབས་ཞུ་དང་དམངས་ཚིས་ཁྱབ་ཁོངས་ཀྱི་གཅིག་སྤྱོད་བྱང་བུའི་ནུས་པ་འདོན་སྤེལ་བྱེད་པ། དམངས་ཕན་ཞིང་ཕན་གྱི་ནོར་སྲིད་ཁ་གསབ་དུས་ཐོག་དང་ཚད་ལོངས་པ། བདེ་འཇགས་ངང་སྟེར་བར་འགན་སྲུང་བྱས་ཏེ། ཧུར་ཐག་གིས་སྤྱི་ཚོགས་འགན་སྲུང་བྱང་བུ་དེ་མང་ཚོགས་ཀྱི་སེམས་བདེའི་བྱང་བུ་རུ་འགྱུར་བར་བྱེད་རྒྱུ་རེད།

ལོ་ཙཱ་བ། རིན་ཆེན་མཚོ།