མཚོསྔོན་ཞིང་ཆེན་གྱིས་སྡེ་བའི་ཏང་ཀྲི་པུའུ་དང་སྡེ་དམངས་ཨུ་ཡོན་ལྷན་ཁང་གི་ལོ་ཧྲིལ་བོའི་གླ་ཆ་ཡང་བསྐྱར་ཇེ་མཐོར་བཏང་།
2020.10.12 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 48

2021ལོའི་ཟླ་གཉིས་པ་ནས་བཟུང་། མཚོ་སྔོན་ཞིང་ཆེན་གྱིས་སྡེ་བའི་ཏང་ཀྲི་པུའུ་དང་སྡེ་དམངས་ཨུ་ཡོན་ལྷན་ཁང་གི་ཁོངས་མིའི་ལོ་ཧྲིལ་བོའི་གླ་ཆའི་མ་ལག་གསར་བ་ལག་བསྟར་བྱེད་རྒྱུ་རེད། ཟླ་བཅུ་བའི་ཚེས་དགུ་ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་དམངས་སྲིད་ཐིན་ནས་རྒྱུས་ལོན་བྱུང་བ་ལྟར་ན། སྡེ་བའི་ཏང་ཀྲི་པུའུ་དང་སྡེ་དམངས་ཨུ་ཡོན་ལྷན་ཁང་གི་ཁོངས་མིས་འགན་སྒྲུབ་ནན་མོ་བྱེད་པ་དང་ཁག་ཁུར་བྱེད་ཕོད་པར་བྱེད་ཆེད། ཞིང་ཆེན་དམངས་སྲིད་ཐིན་གྱིས་ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་དང་ཞིང་ཆེན་ནོར་སྲིད་ཐིན་གཉིས་དང་མཉམ་འབྲེལ་བྱས་ནས་སྡེ་བའི་ཏང་ཀྲི་པུའུ་དང་སྡེ་དམངས་ཨུ་ཡོན་ལྷན་ཁང་གི་ལོ་ཧྲིལ་བོའི་གླ་ཆའི་མ་ལག་འཛུགས་སྐྲུན་བྱས་ནས་སྡེ་བ་རིམ་པའི་རྩ་འཛུགས་འཁོར་རྒྱུག་གྲོན་དངུལ་འགན་སྲུང་བྱ་བར་ཤུགས་སྣོན་པའི་སྐོར་གྱི་བརྡ་སྦྱོར་འགྲེམ་སྤེལ་བྱས་པ་དང་། སྡེ་བའི་ཏང་ཀྲི་པུའུ་དང་སྡེ་དམངས་ཨུ་ཡོན་ལྷན་ཁང་གི་ཁོངས་མིའི་ལོ་ཧྲིལ་བོའི་གླ་ཆ་མ་ལག་བཙུགས་ཏེ། སྡེ་བ་རིམ་པའི་རྩ་འཛུགས་འཁོར་རྒྱུག་གྲོན་དངུལ་འགན་སྲུང་ལ་སྔར་ལས་ཤུགས་བསྣན།

2008ལོར། མཚོ་སྔོན་གྱིས་ཐོག་མར་སྡེ་བའི་ཏང་ཀྲི་པུའུ་དང་སྡེ་དམངས་ཨུ་ཡོན་ལྷན་ཁང་གི་འགན་ཁུར་མི་སྣ་གཙོ་བོའི་ལོ་ཧྲིལ་བོའི་གླ་ཆའི་ཚད་གཞི་གཏན་ཁེལ་བྱས་པའི་རྩ་དོན་སྟེང་རྫོང་སོ་སོས་ལོ་སྔོན་མའི་རོང་འབྲོག་མང་ཚོགས་ཀྱི་ཡོང་སྒོ་རྐྱང་བའི་ཆུ་ཚད་ལ་གཞིགས་ནས་གཏན་ཁེལ་བྱེད་ཀྱིན་ཡོད་པ་དང་། 2012ལོའི་ཚུན་དུ། སྡེ་བའི་ལས་བྱེད་པའི་ལོ་ཧྲིལ་བོའི་གླ་ཆ་དེ་གཞི་རྩའི་གླ་ཆ་དང་གྲུབ་འབྲས་དཔྱད་ཞིབ་གླ་ཆ་གཉིས་ཀྱིས་གྲུབ། 2015ལོའི་ཟླ་དང་པོའི་ཚེས་གཅིག་ཉིན་གྱི་ཚུན་དུ། མཚོ་སྔོན་ཞིང་ཆེན་གྱི་སྡེ་བའི་ཏང་ཀྲི་པུའུ་དང་སྡེ་དམངས་ཨུ་ཡོན་ལྷན་ཁང་གི་འགན་ཁུར་མི་སྣ་གཙོ་བོའི་ལོ་ཧྲིལ་བོའི་གླ་ཆ་དེ་ས་གནས་དེའི་ལོ་སྔོན་མའི་ཞིང་སྡེའི་སྡོད་དམངས་ཀྱི་མི་རེའི་ཆ་སྙོམས་ཀྱི་ཡོང་སྒོ་རྐྱང་མའི་ལྡབ་གཉིས་སུ་ཇེ་མཐོར་བཏང་།

གཞི་རིམ་གྱི་སྡེ་བའི་ལས་བྱེད་པར་སྐུལ་སློང་བྱེད་ཆེད། ཐེངས་འདིའི་གླ་ཆའི་ཚད་གཞི་ཇེ་མཐོར་བཏང་རྗེས། སྡེ་བའི་ཏང་ཀྲི་པུའུ་དང་སྡེ་དམངས་ཨུ་ཡོན་ལྷན་ཁང་གི་ཁོངས་མིའི་ལོ་ཧྲིལ་བོའི་གླ་ཆའི་མ་ལག་དེ་གཞི་རྩའི་གླ་ཆ་དང་ཁ་གསབ་སྣ་བཞིས་གྲུབ་པ་དང་། གཞི་རྩའི་གླ་ཆ་དེ2019ལོའི་རྫོང་དང་གྲོང་ཁྱེར། ས་ཁུལ་གྱི་ཞིང་སྡེའི་སྡོད་དམངས་ཀྱི་མི་རེའི་ཆ་སྙོམས་ཀྱི་བཀོལ་སྤྱོད་བྱེད་ཆོག་པའི་ཡོང་སྒོའི་ལྡབ་གཉིས་དང་གྲངས་ཆུང་ལྔ་ལྟར་གཏན་ཁེལ་བྱས་ཡོད་པ་དང་། ས་ཁུལ་གྱི་ཁ་གསབ་དེ་རྫོང་དང་གྲོང་ཁྱེར། ས་ཁུལ་བཅས་ས་ཁུལ་གྱི་རིགས་སྣ་ལྟར། ལོ་རེར་སྒོར་སྟོང་གཅིག་ནས་སྟོང་གསུམ་གྱི་ཁ་གསབ་སྟེར་རྒྱུ་ཡིན་ལ། འགན་ཁུར་ལོ་ཚད་ཀྱི་ཁ་གསབ་དེ2021ལོའི་སྡེ་བའི་ཏང་ཀྲི་པུའུ་དང་སྡེ་དམངས་ཨུ་ཡོན་ལྷན་ཁང་གི་སྐབས་བརྗེ་འདེམ་བསྐོའི་རྗེས་ནས་དངོས་སུ་འགན་ཁུར་རྗེས་འགན་ཁུར་ལོ་ཚད་རྩིས་བརྒྱབ་ནས་སྟེར་རྒྱུ་ཡིན་པ་དང་། ལོ་གཅིག་ལོངས་ན་སྒོར་སུམ་བརྒྱ་ཁ་སྣོན་བྱེད་རྒྱུ་ཡིན་ལ། 2021ལོའི་སྔོན་དུ་འགན་ཁུར་བའི་ལོ་ཚད་རྩིས་རྒྱག་རྒྱུ་མ་རེད། བསླབ་གནས་ཁ་གསབ་ནི་རྒྱལ་དམངས་སློབ་གསོ་མ་ལག་དང་ཡང་ན་ཏང་གི་སློབ་གྲྭའི་སློབ་ཆེན་དངོས་གཞིའི་ཚན་ཁག་ཡན་གྱི་བསླབ་གནས་ཡོད་པར་ལོ་རེར་ཁ་གསབ་སྒོར་སྟོང་གཉིས་དང་ལྔ་བརྒྱ་སྟེར་བ་དང་། མཐོ་རིམ་ཆེད་ཚན་སློབ་གྲྭའི་བསླབ་གནས་ཡོད་པར་ལོ་རེར་སྒོར་སྟོང་གཉིས་ཀྱིས་ཁ་གསབ་སྟེར་རྒྱུ་སྟེར་རྒྱུ་ཡིན་ལ། མཐོ་འབྲིང་དང་འབྲིང་རིམ་ཆེད་སྦྱོང་གི་བསླབ་གནས་ཡོད་པར་ལོ་རེར་སྒོར་སྟོང་གཅིག་དང་ལྔ་བརྒྱའི་ཁ་གསབ་སྟེར་བ་དང་། དམའ་འབྲིང་མན་ལ་ཁ་གསབ་སྟེར་རྒྱུ་མ་རེད།

ལོ་ཙཱ་བ། རིན་ཆེན་མཚོ།