ཟླ་བཅུ་པའི་ཚེས་བཅུ་གཉིས་ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡིས་གཙོ་སྒྲུབ་བྱས་པ་དང་། ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭས་འགན་ཁུར་ནས་བསྒྲུབས་པའི་གསར་དུ་འགན་ཁུར་བའི་ཐིན་རིམ་པའི་འགོ་ཁྲིད་ལས་བྱེད་པའི་གསོ་སྦྱོང་འཛིན་གྲྭ་ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭ་རུ་བསྡུས། ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་ཁུལ་སོ་སོ་དང་། ཞིང་ཆེན་ཐད་གཏོགས་ལས་ཁུངས་ཀྱི་གསར་དུ་འགན་ཁུར་བའི་ཐིན་རིམ་པའི་འགོ་ཁྲིད་ལས་བྱེད་པ་སོ་གཉིས་གསོ་སྦྱོང་ལ་ཞུགས།
ཐེངས་འདིའི་གསོ་སྦྱོང་ཐད་ནས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་རགས་བཤད་དང་དངོས་གཙོ་ལོ་རྒྱུས་ལྟ་བའི་ལྟ་ཁོངས་འོག་གི་མཛེས་པའི་འཚོ་བ་དང་ཀྲུང་གོ་གསར་བའི་ལོ་ངོ་བདུན་ཅུའི་ལོ་རྒྱུས་འཕེལ་རྒྱས་དང་སྐུལ་སློབ་ཟབ་མོ། དེང་རབས་ནོར་སྲིད་ལམ་ལུགས་འཛུགས་སྐྲུན་བྱེད་པའི་བསམ་གཞིགས། གནས་བབ་གསར་བའི་འོག་གི་འགོ་ཁྲིད་ལས་བྱེད་པའི་ཏང་གཤིས་བློ་སྦྱོང་སོགས་སློབ་ཁྲིད་བཀོད་སྒྲིག་བྱས་ཡོད་པ་མ་ཟད། མཚོ་སྔོན་གྱི་ཏང་གི་ལོ་རྒྱུས་སློབ་གསོའི་འགྲེམ་ཁང་དང་དར་དམར་ཆུ་རྐའི་རྗེས་དྲན་ཁང་། ཅོ་ཡུས་ལུའུ་རྗེས་དྲན་ཁང་སོགས་ལ་ལྟ་སྐོར་བྱེད་པའི་ཡུལ་དངོས་སློབ་ཁྲིད་བཀོད་སྒྲིག་བྱས་ཡོད། གསོ་སྦྱོང་གི་དམིགས་འབེན་ནི་ཆེད་དོན་སློབ་ཁྲིད་དང་ཡུལ་དངོས་སློབ་ཁྲིད། ཁོ་ཧྥེ་གླེང་སྟེགས། ཚན་ཆུང་བགོས་ནས་ཞིབ་སྡུར་བྱེད་པ་སོགས་ཀྱི་སློབ་ཁྲིད་བྱེད་སྟངས་བརྒྱུད་དེ། དཔེ་གཞི་ལ་དབྱེ་ཞིབ་བྱེད་པ་དང་སྣང་ཚུལ་ལད་ཟློས། ལྟ་སྐོར་མྱོང་ཚོར་བྱེད་པ་སོགས་བྱས་ནས། སློབ་མས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་དུས་རབས་ཀྱི་རྒྱབ་ལྗོངས་དང་ལོ་རྒྱུས་ཀྱི་གོ་གནས། ཚན་རིག་མ་ལག དགོངས་པའི་ངོ་བོ་དང་ལག་ལེན་རེ་བར་རྒྱུས་ལོན་ཡང་དག་བྱེད་པར་སྣེ་ཁྲིད་བྱེད་པ། འགོ་ཁྲིད་ལས་བྱེད་པའི་ཆེད་ལས་བསམ་བློ་དང་ཆེད་ལས་ཀྱི་སྙིང་སྟོབས་སྐྱེད་སྲིང་བྱས་ཏེ། སློབ་མས་འགན་འཁྲི་ལག་བསྟར་བྱེད་པའི་ཕྱོགས་བསྡུས་བྱང་ཚད་དང་དུས་རབས་གསར་བའི་འཕེལ་རྒྱས་དང་མཐུན་པར་བྱེད་པའི་ནུས་པ་མཐོར་འདེགས་གཏོང་རྒྱུ་དེ་རེད།
སྐབས་འདིའི་གསོ་སྦྱོང་གི་དུས་ཚོད་ནི་ཉིན་བཅོ་ལྔ་ཡིན་ལ། ཞིང་ཆེན་ནང་ཁུལ་གྱི་ཉིན་ལྔའི་གསོ་སྦྱོང་རྗེས་སུ། སློབ་མ་ཡོངས་ཧི་ནན་ཞིང་ཆེན་དར་དམར་ཆུ་རྐའི་དམར་མདོག་སློབ་གསོ་རྟེན་གཞི་དང་ཅོ་ཡུས་ལུའུ་ལས་བྱེད་པའི་གསོ་སྦྱོང་སློབ་གླིང་ལ་སོང་ནས་དུས་ཡུན་ཉིན་བཅུ་རིང་གི་ཏང་གཤིས་སློབ་གསོ་གསོ་སྦྱོང་དང་ལེན་བྱེད་རྒྱུ་རེད།
ལོ་ཙཱ་བ། རིན་ཆེན་མཚོ།