ད་ལོའི་དུས་ཆེན་གཉིས་ཀྱི་སྐབས་སུ་མཚོ་ནུབ་ཁུལ་གྱི་གནས་སྐོར་བའི་ཡོང་སྒོ་སྒོར་དུང་ཕྱུར་གཉིས་ལྷག་ལ་སླེབས།
2020.10.13 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 39

ཟླ་བཅུ་བའི་ཚེས་བཅུ་གཉིས་ཉིན། གསར་འགོད་པས་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་རིག་གནས་ལུས་རྩལ་གནས་སྐོར་རྒྱང་སྒྲོག་བརྙན་འཕྲིན་ཅུའུ་ནས་རྒྱུས་ལོན་བྱུང་བའི་གནས་ཚུལ་ལྟར་ན། ད་ལོའི་དུས་ཆེན་གཉིས་ཀྱི་སྐབས་སུ། མཚོ་ནུབ་ཁུལ་ཡོངས་ཀྱི་རིག་གནས་གནས་སྐོར་ཚོང་རའི་གནས་བབ་བཟང་བ་དང་། རིག་གནས་གནས་སྐོར་ཚོང་རའི་མགྲོན་བསུའི་རྣམ་པ་སླར་གསོ་བྱས། ཟླ་བཅུ་བའི་ཚེས་གཅིག་ཉིན་ནས་ཚེས་བརྒྱད་ཉིན་བར་ཁུལ་ཡོངས་ཀྱིས་བསྡོམས་པས་གནས་སྐོར་བ་མི་ཐེངས་འབུམ་ལྔ་དང་ཁྲི་གསུམ་ལྷག་ལ་སྣེ་ལེན་བྱས་ཤིང་དེ་སྔོན་ལོའི་དུས་མཉམ་དང་བསྡུར་ན་བརྒྱ་ཆའི་ཞེ་གཉིས་འཕར་བ་དང་། གནས་སྐོར་ཡོང་སྒོ་སྒོར་དུང་ཕྱུར་གཉིས་དང་བྱེ་བ་དྲུག་ས་ཡ་ལྔ་མངོན་འགྱུར་བྱས་ཤིང་། དེ་སྔོན་ལོའི་དུས་མཉམ་དང་བསྡུར་ན་བརྒྱ་ཆའི་ཉེར་དགུ་འཕར་སྣོན་བྱུང་།

དུས་ཆེན་གཉིས་ཀྱི་སྐབས་སུ། མཚོ་ནུབ་ཁུལ་གྱི་ས་གནས་སོ་སོས་སྲོལ་རྒྱུན་རིག་གནས་ལ་དམིགས་ཏེ་ཕུན་སུམ་ཚོགས་པའི་རིག་གནས་གནས་སྐོར་བརྗོད་དོན་གཙོ་བོ་ཡིན་པའི་བྱ་འགུལ་སྤེལ་ཞིང་། དཔེ་མཛོད་ཁང་དང་རྟེན་མཛོད་ཁང་། རིག་གནས་ཁང་སོགས་སྤྱི་ཐུན་རིག་གནས་ཁང་གི་སྒོ་འབྱེད་དུས་ཚོད་ཇེ་རིང་དུ་བཏང་ནས། དུས་ཆེན་གྱི་རྣམ་པ་མཚོན་པར་བྱས་པ་དང་ གནས་སྐོར་བའི་རིག་གནས་འཚོ་བ་ཕུན་སུམ་ཚོགས་པར་བཏང་། ཚྭ་ཁ་ལྗོངས་རྒྱུ་ས་ཁུལ་གྱིས་མགྲོན་པོ་མི་ཐེངས་འབུམ་གཅིག་དང་ཁྲི་བདུན་ལྷག་ལ་སྣེ་ལེན་བྱས་པ་དང་། ཚྭ་འདམ་གཞོང་ཆེ་བའི་ལྗོངས་རྒྱུ་ས་ཁུལ་གྱིས་མགྲོན་པོ་མི་ཐེངས་ཁྲི་གསུམ་ལྷག་ལ་སྣེ་ལེན་བྱས།

ལོ་ཙཱ་བ། བཀྲ་ཤིས་འབུམ།