ཟླ་བཅུ་བའི་ཚེས་བཅུ་བཞི་ཉིན། གསར་འགོད་པས་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་སྲིད་གཞུང་ནས་རྒྱུས་ལོན་བྱུང་བ་ལྟར་ན། མཚོ་ནུབ་ཁུལ་གྱིས་དམངས་ཚིས་ལེགས་བཅོས་འགན་སྲུང་བྱེད་པ་གཙོ་གནད་དུ་བཟུང་སྟེ་རིགས་སོ་སོའི་རྒུད་སྐྱོབ་སྲིད་ཇུས་ཁྱོན་ཡོངས་ནས་དངོས་འབེབས་བྱས་པ་དང་། དུས་ཐོག་ཏུ་ཁ་གསབ་རོགས་དངུལ་བྱིན་ནས་དཀའ་ཁག་ཆེ་བའི་མང་ཚོགས་ལ་དགུན་ཁར་དུས་ལྟར་དྲོད་འདོན་པར་འགན་སྲུང་བྱས།
མཚོ་ནུབ་ཁུལ་གྱི་གྲོང་གསེབ་ཀྱི་དཀའ་ཁག་ཆེ་བའི་མང་ཚོགས་ཀྱི་གཞི་རྩའི་འཚོ་བར་ཁག་ཐེག་བྱེད་པ་དང་དཀའ་ཁག་ཆེ་བའི་མང་ཚོགས་ལ་དུས་ལྟར་དྲོད་འདོན་པར་འགན་སྲུང་བྱེད་ཆེད། ད་ལོའི་ཟླ་དགུ་བའི་བར། བསྡོམས་པས་གནས་སྐབས་ཀྱི་ཁ་གསབ་སྒོར་མོ་ས་ཡ་ལྔ་དང་འབུམ་བདུན་ཁྲི་གསུམ་བྱིན། དྲོད་འདོན་ཁ་གསབ་རོགས་དངུལ་ཚང་མ་དོན་ཐོག་ཏུ་འཁྱོལ་བར་བྱས་ཏེ། ཁུལ་ཡོངས་ཀྱི་གྲོང་གསེབ་ཀྱི་མ་མཐའི་འཚོ་བར་འགན་སྲུང་དང་ཧ་ཅང་དཀའ་ཁག་ཆེ་ཞིང་གསོ་སྐྱོང་བྱེད་པའི་ཁྱིམ་ཚང་སྟོང་གསུམ་དང་བདུན་བརྒྱ་དང་སོ་གཅིག་ལ་དྲོད་འདོན་ཁ་གསབ་རོགས་དངུལ་སྒོར་ས་ཡ་གསུམ་དང་འབུམ་གསུམ་ཁྲི་དྲུག་ལྷག་བྱིན། ཁུལ་ཡོངས་ཀྱི་ཧ་ཅང་དཀའ་ཁག་ཆེ་ཞིང་གསོ་སྐྱོང་བྱེད་པའི་ཁྱིམ་ཚང་བཞི་བརྒྱ་དང་བཅུ་གསུམ་གྱི་མི་བཞི་བརྒྱ་དང་ཉེར་གཉིས་ལ་བསྡོམས་པས་གསོ་སྐྱོང་མ་དངུལ་སྒོར་ས་ཡ་དྲུག་དང་འབུམ་གསུམ་ཁྲི་གཅིག་ལྷག་བྱིན། ཟླ་དགུ་བའི་ཟླ་མཇུག་བར་དུ་བསྡོམས་པས་དཀའ་ཁག་ཆེ་བའི་རྒུད་སྐྱོབ་མང་ཚོགས་སྟོང་གཉིས་དང་སུམ་བརྒྱ་གོ་གཅིག་ལ་གནས་སྐབས་ཀྱི་རྒུད་སྐྱོབ་མ་དངུལ་སྒོར་ས་ཡ་དྲུག་དང་འབུམ་དགུ་ཁྲི་དགུ་བྱིན།
ལོ་ཙཱ་བ། བཀྲ་ཤིས་འབུམ།