ཞིང་ཆེན་ཡོངས་ཀྱི་དམངས་ཆེན་ལས་བྱེད་པའི་གསོ་སྦྱོང་འཛིན་གྲྭ་སྐབས་སུམ་ཅུ་པ་ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭ་རུ་བསྡུ་འགོ་བརྩམས།
2020.10.18 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 18

ཟླ་བཅུ་པའི་ཚེས་བཅུ་གཉིས་ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡིས་གཙོ་སྒྲུབ་བྱས་པ་དང་། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཐིན་དང་ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭས་འགན་ཁུར་ནས་བསྒྲུབས་པའི་ཞིང་ཆེན་ཡོངས་ཀྱི་དམངས་ཆེན་ལས་བྱེད་པའི་གསོ་སྦྱོང་འཛིན་གྲྭ་སྐབས་སུམ་ཅུ་བ་ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭ་རུ་བསྡུས། གྲོང་ཁྱེར་དང་ཁུལ། རྫོང་དང་ས་ཁུལ་སྐོར་ཞིག་གི་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལས་ཁུངས་ཀྱི་ལས་བྱེད་པ་དང་ཞང་དང་གྲོང་རྡལ་གྱི་དམངས་ཆེན་གྱི་ཀྲུའུ་ཞི་བཅས་བསྡོམས་པས་མི་ཞེ་གསུམ་གསོ་སྦྱོང་འཛིན་གྲྭར་ཞུགས་པ་དང་། དེའི་རྗེས་སུ་སློབ་མ་ཚོ་ད་དུང་ཧི་ནན་ཞིང་ཆེན་ཏ་པའེ་ཧྲན་རི་བོའི་ལས་བྱེད་པའི་སློབ་གླིང་དུ་སོང་ནས་དུས་ཡུན་ཉིན་བཅུའི་རིང་གི་ཏང་གཤིས་སློབ་གསོ་དང་ལེན་བྱེད་རྒྱུ་རེད།

ཐེངས་འདིའི་གསོ་སྦྱོང་གིས་ཞིང་ཆེན་ནང་ཁུལ་དང་ཞིང་ཆེན་ཕྱི་རུ་བསྐྱོད་པ་གཉིས་ཟུང་འབྲེལ་བྱེད་པ་དང་། གཅིག་བསྡུས་སློབ་ཁྲིད་དང་རང་སྦྱོང་གཉིས་ཟུང་འབྲེལ་བྱེད་པའི་སློབ་ཁྲིད་བྱེད་ཐབས་སྤྱད་དེ་ཞིབ་འཇུག་རང་བཞིན་གྱི་སློབ་ཁྲིད་སྤེལ། ཕྱོགས་བསྡུས་སྒོས་ཆེད་དོན་སློབ་ཁྲིད་རྣམ་པ་དང་དཔེ་གཞི་རྣམ་པ། ཚན་ཆུང་གྲོས་སྡུར། ལྟ་སྦྱོང་བརྗེ་རེས་སོགས་ཀྱི་བྱེད་ཐབས་སྤྱད་དེ། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་དང་ཆབ་སྲིད་གཞུང་ལུགས། འབྲེལ་ཡོད་བཅའ་ཁྲིམས་ཤེས་བྱ། དམངས་ཆེན་བྱ་བའི་ལས་སྒོའི་ཤེས་བྱར་དམིགས་ནས་ཆེད་དོན་ཟུར་ཁྲིད་བྱས་པ་དང་། དེའི་དམིགས་འབེན་ནི་སློབ་མས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་དང་ལྷག་པར་དུ་མི་དམངས་འཐུས་མིའི་ཚོགས་ཆེན་ལམ་ལུགས་ཀྱི་དགོངས་པ་གལ་ཆེན་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་བའི་སྐོར་གྱི་དུས་རབས་ཀྱི་རྒྱབ་ལྗོངས་དང་ལོ་རྒྱུས་ཀྱི་གོ་གནས། ཚན་རིག་གི་མ་ལག དགོངས་པའི་ངོ་བོ། ལག་ལེན་གྱི་རེ་བར་རྒྱུས་ལོན་ཡང་དག་བྱེད་པ་དང་། དམངས་ཆེན་ལས་བྱེད་པའི་ཏང་གཤིས་བློ་སྦྱོང་རྒྱུན་མ་ཆད་པར་ཇེ་དྲག་ཏུ་གཏོང་བ། གཞུང་ལུགས་ཀྱི་རྨང་གཞི་ཇེ་བརྟན་དུ་གཏོང་བར་སྣེ་ཁྲིད་བྱེད་རྒྱུ་དེ་ཡིན། སློབ་མ་ཚོས་བསྟན་དོན། གསོ་སྦྱོང་འཛིན་གྲྭའི་བསླབ་ཚན་བཀོད་སྒྲིག་ཚན་རིག་དང་མཐུན་པ་དང་། སློབ་ཁྲིད་བཀོད་སྒྲིག་བཟང་ལ། གསོ་སྦྱོང་གི་ནང་དོན་ཕུན་སུམ་ཚོགས་ལ། ཚང་མས་ཏང་གཤིས་སློབ་གསོ་དང་ལེན་བྱེད་དུ་བཅུག་པའི་ཞོར་དུ། མི་དམངས་འཐུས་མིའི་ཚོགས་ཆེན་ལམ་ལུགས་དེ་རྒྱལ་ཁབ་ཀྱི་རྩ་བའི་ཆབ་སྲིད་ལམ་ལུགས་ཡིན་པའི་ཐད་ཀྱི་ངོས་འཛིན་ཇེ་ཟབ་ཏུ་གཏོང་བ་དང་།  རྩ་ཁྲིམས་དང་ལྟ་སྐུལ་བཅའ་ཁྲིམས། འཐུས་མིའི་བཅའ་ཁྲིམས་སོགས་འབྲེལ་ཡོད་བཅའ་ཁྲིམས་ཤེས་བྱའི་ཐད་ཀྱི་རྒྱུས་ལོན་དང་ཏང་ཁྱོན་ཡོངས་ནས་བཅོས་སྐྱོང་ནན་མོ་བྱེད་པ་དེ་དུས་རབས་གསར་བ་རུ་བསྐྱོད་པའི་ཐད་ཀྱི་ངོས་འཛིན་གཏིང་ཟབ་ཏུ་བཏང་སྟེ། དམངས་ཆེན་ལས་བྱེད་པས་དམངས་ཆེན་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་བའི་ཆབ་སྲིད་རང་རྟོན་དང་འགུལ་སྐྱོད་རང་རྟོན་རྒྱུན་མ་ཆད་པར་ཇེ་དྲག་ཏུ་གཏོང་དགོས་ཟེར།

ལོ་ཙཱ་བ། རིན་ཆེན་མཚོ།