ཐེམ་ཆེན་རྫོང་གིས་པྲོག་གསར་གློ་ཚད་རིམས་ནད་ཀྱི་ཉིང་སྐྱུར་ཞིབ་དཔྱད་ཚད་ལེན་ཐད་ཀྱི་གསོ་སྦྱོང་འཛིན་གྲྭ་བསྡུས།
2020.11.02 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 34

པྲོག་གསར་གློ་ཚད་རིམས་ནད་ཀྱི་རྒྱུན་རྣམ་ཅན་གྱི་འགོག་སྲུང་དགོས་མཁོ་དང་འཚམ་པ་དང་།    སྨན་བཅོས་སྡེ་ཁག་གི་སྨན་བཅོས་མི་སྣའི་པྲོག་གསར་གློ་ཚད་རིམས་ནད་ཀྱི་ཉིང་སྐྱུར་ཞིབ་དཔྱད་ཚད་ལེན་ནུས་པ་མཐོར་འདེགས་གཏོང་ཆེད།  ཉེ་ལམ།  མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ཐེམ་ཆེན་རྫོང་གིས་དུས་རིམ་དང་པོའི་པྲོག་གསར་གློ་ཚད་རིམས་ནད་ཀྱི་ཉིང་སྐྱུར་ཞིབ་དཔྱད་ཚད་ལེན་ནུས་པ་མཐོར་འདེགས་གཏོང་བའི་ཆེད་དོན་གསོ་སྦྱོང་འཛིན་གྲྭ་བསྡུས།

ཐེངས་འདིའི་གསོ་སྦྱོང་ལ་ཐེམ་ཆེན་རྫོང་རིམས་ནད་འགོག་སྲུང་ལྟེ་གནས་ཀྱི་ཉིང་སྐྱུར་ཞིབ་དཔྱད་ཚད་ལེན་ཚོད་ལྟ་ཁང་གི་རྐང་འཛིན་མི་སྣ་གདན་དྲངས་ནས་སློབ་ཁྲིད་བྱེད་དུ་བཅུག་པ་དང་།     ཐེམ་ཆེན་རྫོང་མི་དམངས་སྨན་ཁང་གི་ཚ་ནད་སྒོ་བསྟེན་ཁང་དང་ཞིབ་དཔྱད་ཚན་ཁག་སོགས་ཀྱི་མི་སྣ་དང་།  དེ་མིན་ཞང་དང་གྲོང་རྡལ་སོ་སོའི་འཕྲོད་བསྟེན་ཁང་གི་ཡོན་ཀྲང་དང་།   ལས་སྒོའི་རྐང་འཛིན་པ་སོགས་གསོ་སྦྱོང་ལ་ཞུགས།

ཐེངས་འདིའི་གསོ་སྦྱོང་སྟེང་པྲོག་གསར་གློ་ཚད་རིམས་ནད་ཀྱི་ཉིང་སྐྱུར་ཞིབ་དཔྱད་ཚད་ལེན་བྱེད་ཐབས་དང་ཞིབ་དཔྱད་ཚད་ལེན་མི་སྣ་དང་ཞིབ་དཔྱད་ཚད་ལེན་བྱེད་ཡུལ་གྱི་དུག་སེལ་བྱེད་སྟངས།   སྔོན་འགོག་རང་བཞིན་གྱི་དུག་སེལ་བྱེད་སྟབས་སོགས་ཐད་ནས་འཆད་ཁྲིད་བྱས།

ཐེངས་འདིའི་གསོ་སྦྱོང་བརྒྱུད་དེ་སྨན་བཅོས་མི་སྣ་དག་གིས་པྲོག་གསར་གློ་ཚད་རིམས་ནད་ཀྱི་ཉིང་སྐྱུར་ཞིབ་དཔྱད་ཚད་ལེན་ལག་རྩལ་དང་།    འགོག་སྲུང་ལྭ་བའི་གྱོན་སྟངས་དང་ཕུད་སྟངས་སོགས་ཐད་རྒྱུས་ལོན་ཅུང་བཟང་བོ་ཡོད་པར་བྱས་ཏེ།    ཐེམ་ཆེན་རྫོང་གིས་སྨན་བཅོས་སྡེ་ཁག་གི་སྨན་བཅོས་མི་སྣའི་པྲོག་གསར་གློ་ཚད་རིམས་ནད་ཀྱི་ཉིང་སྐྱུར་ཞིབ་དཔྱད་ཚད་ལེན་ནུས་པ་མཐོར་འདེགས་བཏང་སྟེ་རིམས་ནད་འགོག་བཅོས་བྱ་བར་རྨང་གཞི་བརྟན་པོ་བཏིངས།

                                                                                                          ལོ་ཙཱ་བ་ལྷ་མོ་ཚེ་རིང་།