མཚོ་སྔོན་ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཆེད་དོན་ལྟ་ཞིབ་ཚན་ཆུང་དང་པོ་ཟི་ལིང་དུ་བསྡད་དེ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཆེད་དོན་ལྟ་ཞིབ་སྤེལ།
2020.11.08 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 50

ཟླ་བཅུ་གཅིག་པའི་ཚེས་དྲུག་ཉིན། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་ལག་བསྟར་བྱེད་པ་དང་། སྐོར་ཐེངས་གཉིས་པའི་ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ཀྱི་དག་ཐེར་ལེགས་བཅོས་བྱ་བ་བརྟན་བརླིང་ངང་སྤེལ་ཆེད། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་གཅིག་གྱུར་བཀོད་སྒྲིག་ལྟར། མཚོ་སྔོན་ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཆེད་དོན་ལྟ་ཞིབ་ཚན་ཆུང་དང་པོ་ཟི་ལིང་དུ་བསྡད་དེ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཆེད་དོན་ལྟ་ཞིབ་སྤེལ།

སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ལམ་ལུགས་ནི་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པའི་ནང་དོན་གཙོ་བོ་དང་། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་ལམ་ལུགས་གལ་ཆེན་གྱི་བཀོད་སྒྲིག་ཡིན། ཟི་ལིང་གྲོང་ཁྱེར་གྱིས་ཐེངས་འདིའི་ཆེད་དོན་ལྟ་ཞིབ་གོ་སྐབས་སུ་བརྩིས་ནས། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་མཐའ་གཅིག་ཏུ་ལག་བསྟར་བྱེད་པ་དང་། འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ། རང་རྟོན་བཞི་ཇེ་བརྟན་དུ་གཏོང་བ། སྲུང་སྐྱོབ་གཉིས་ལག་བསྟར་བྱེད་པ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་ཏང་སྲིད་འགན་གཅིག་དང་ལས་རྐང་གཅིག་ལ་འགན་འཁྲི་གཉིས་ཀྱི་རྨང་གཞི་ཇེ་བརྟན་དུ་གཏོང་བ། ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་སྐོར་ཐེངས་གཉིས་པའི་དག་ཐེར་ལེགས་བཅོས་བརྟན་བརླིང་ངང་སྤེལ་ནས། དུས་བཀག་ལྟར་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་ལ་བྱ་བ་དོན་འཁྱོལ་ཡོང་ཐུབ་པར་ཁག་ཐེག་བྱེད་རྒྱུ་རེད།

ལྟ་ཞིབ་སྐབས་ཀྱི་འབྲེལ་ཡོད་བྱ་བ་བཟང་བོར་བསྒྲུབ་ཆེད། ཟི་ལིང་གྲོང་ཁྱེར་གྱིས་ཏང་སྲིད་འགན་ཁུར་བློ་མཐུན་གྱི་ཚན་གཙོ་གཉིས་ཀྱི་འགོ་ཁྲིད་ཚན་ཆུང་བཙུགས་པ་མ་ཟད། ཁོངས་གཏོགས་ཆེད་དོན་བྱ་བའི་ཚན་ཆུང་ལྔ་བཙུགས། བྱ་བའི་ཚན་ཆུང་སོ་སོས་ལྟ་ཞིབ་ཚན་ཆུང་བར་གྱི་ཡར་ཞུ་སྦྲེལ་མཐུད་ལ་ཤུགས་སྣོན་པ་དང་། ས་ཁུལ་སོ་སོ་དང་འབྲེལ་ཡོད་སྡེ་ཁག་སོ་སོའི་བྱ་བ་བཟང་བོར་བསྒྲུབ་པར་མཐུན་སྦྱོར་བྱེད་པ་མ་ཟད། འབྲེལ་ཡོད་ལྟ་ཞིབ་བྱ་བ་བསྒྲུབ་པར་གཞོགས་ཤུགས་ཆེན་པོ་བྱེད་པའི་ཞོར་དུ། ལྟ་ཞིབ་སྐབས་སུ་རྙེད་པའི་གནད་དོན་དང་ཉམས་ཞན་སར་ཁ་གཏད་དེ། ཞིབ་འཇུག་ནན་མོ་བྱེད་པ་དང་བྱེད་ཐབས་གཏན་འབེས་བྱས་ནས། སྟོབས་ཤུགས་ཡོད་རྒུས་དག་ཐེར་ལེགས་བཅོས་དམ་འཛིན་བྱེད་རྒྱུ་རེད།

ལོ་ཙཱ་བ། རིན་ཆེན་མཚོ།