ལོ་ལྔའི་འཆར་འགོད་བཅུ་གསུམ་པའི་སྐབས་སུ་ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྤུས་ཚད་རྒྱུན་མཐུད་ངང་ཇེ་ལེགས་སུ་སོང་།
2020.11.08 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 41

ཟླ་བཅུ་གཅིག་པའི་ཚེས་དྲུག་ཉིན། ཞིང་ཆེན་སྲིད་གཞུང་གསར་འགྱུར་གཞུང་སྒྲུབ་ཁང་གིས་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་བསྡུས་པ་དང་། ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིན་གྱི་ཐིན་ཀྲང་གཞོན་པ་སི་ཝུན་ཞོན་གྱིས་གསར་འགྱུར་གཏམ་བཤད་སྤེལ་ནས། མཚོ་སྔོན་ཞིང་ཆེན་གྱི་ལོ་ལྔའི་འཆར་འགོད་བཅུ་གསུམ་པའི་སྐབས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱ་བའི་གནས་ཚུལ་ཁྱབ་བསྒྲགས་བྱས།

ལོ་ལྔའི་འཆར་འགོད་བཅུ་གསུམ་པའི་སྐབས་སུ། རང་ཞིང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་རྒྱུན་འཁྱོངས་བྱས་པ་དང་། ཏན་ཏན་ཏིག་ཏིག་བཞི་དང་ལྷག་པར་དུ་ཏན་ཏན་ཏིག་ཏིག་གིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་པའི་རེ་བ་གལ་ཆེན་ལག་བསྟར་བྱས་ལ། ཧུར་ཐག་གིས་སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས་ཀྱི་འཐབ་ཇུས་སྤེལ་བ་དང་། འཆར་འགོད་དམིགས་འབེན་ལས་འགན་ལ་དམ་དུ་དམིགས་ནས། བྱ་བ་སྣ་ཚོགས་ལག་བསྟར་དམ་འཛིན་བྱས། ལོ་ལྔའི་ཚུན་དུ། བཙོག་བཟོ་འགོག་བཅོས་མཁྲེགས་གཏོར་གྱི་རྒྱལ་ཁ་ལེན་པ་བྱེད་ཐབས་སུ་བྱས་ནས་གཏན་ཁེལ་བྱས་པའི་ཕྱོགས་དྲུག་ཐད་ཀྱི་ལས་འགན་གལ་ཆེན་ཉེར་གསུམ་ཧ་ལམ་ཡོངས་འགྲུབ་བྱས་པ་དང་། བཀག་སྡོམ་རང་བཞིན་གྱི་དམིགས་ཚད་བཅུ་གཅིག་ཡོངས་རྫོགས་སྔོན་དུ་ཡོངས་འགྲུབ་བྱས་ལ། བཙོག་བཟོ་འགོག་བཅོས་གྱི་དུས་རིམ་རང་བཞིན་གྱི་དམིགས་འབེན་བདེ་བླག་ངང་ཡོངས་འགྲུབ་བྱས། རྨ་འབྲི་རྫ་གསུམ་འབྱུང་ཡུལ་སྲུང་སྐྱོབ་དང་འཛུགས་སྐྲུན་བཟོ་སྐྲུན་སྐབས་གཉིས་པ་དང་། མདོ་ལ་རི་བོ་སོགས་སྐྱེ་ཁམས་སྲུང་སྐྱོབ་བཟོ་སྐྲུན་བརྟན་བརླིང་ངང་སྤེལ་བ་དང་། མདོ་ལ་རི་བོའི་རི་ཆུ་ནགས་ཞིང་དང་མཚེའུ་ཡི་སྐྱེ་ཁམས་སྲུང་སྐྱོབ་སླར་གསོའི་ཚོད་ལྟ་བཟོ་སྐྲུན་ལག་བསྟར་བྱས་ལ། ལྗང་ཕུབ་ཅེས་པའི་རང་བྱུང་སྲུང་སྐྱོབ་ཁུལ་ལྟ་སྐུལ་ཞིབ་བཤེར་ཆེད་དོན་འགུལ་སྐྱོད་རྒྱུན་མཐུད་ངང་སྤེལ་བ་དང་། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དཔེ་སྟོན་འཛུགས་སྐྲུན་བྱ་བ་གཏིང་ཟབ་ཏུ་སྤེལ་བས། སྟོང་སྐོར་རྫོང་དང་ཁྲི་ཀ་རྫོང་། ཕིན་ཨན་ས་ཁུལ། ཧི་ནན་སོག་རིགས་རང་སྐྱོང་རྫོང་བཅས་རྒྱལ་ཁབ་སྐྱེ་ཁམས་དཔལ་ཡོན་དཔེ་སྟོན་རྫོང་དུ་འཛུགས་སྐྲུན་བྱས།

ལོ་ལྔའི་འཆར་འགོད་བཅུ་གསུམ་པའི་ཚུན་དུ། ཞིང་ཆེན་ཡོངས་ཀྱི་ཚད་ལོངས་བཙོག་འདོན་དང་བཙོག་བཟོ་ཇེ་ཉུང་དུ་གཏོང་བའི་ཐད་ནས་གྲུབ་འབྲས་གསར་བ་བླངས་པ་དང་། ཞིང་ཆེན་རིམ་པའི་བཙོག་འདོན་སྡེ་ཁག་གལ་ཆེན་གདེང་འཇོག་བྱེད་ཡུལ་དུ་བྱས་པའི་ཁེ་ལས་ཁོར་ཡུག་ཡིད་རྟོན་གདེང་འཇོག་རྒྱུན་མཐུད་ངང་སྤེལ་ལ། བཙོག་འདོན་བཟོ་སྐྲུན་གལ་ཆེན་སུམ་བརྒྱ་ཉེར་གསུམ་ལག་བསྟར་བྱས་པ་དང་། འཛུགས་སྐྲུན་ལས་གཞི་གཙོ་བོའི་བཙོག་རྫས་ཕྱིར་འདོན་གྱི་སྤྱིའི་དམིགས་ཚད་ཀྱི་གྲངས་ཀ་དང་ཡང་ན་ཚད་ཇེ་ཉུང་དུ་གཏོང་བ་སོགས་ལག་བསྟར་བྱས་པས། བཙོག་བཟོ་བཅོས་སྐྱོང་ནུས་པ་མངོན་གསལ་སྒོས་མཐོར་འདེགས་བཏང་བ་དང་། རྒྱལ་ཡོངས་བཙོག་བཟོ་འགོ་ཁུངས་ཁྱབ་བཤེར་ཐེངས་གཉིས་པའི་གྲུབ་འབྲས་ལས་མངོན་པ་ལྟར་ན། རྒྱལ་ཡོངས་བཙོག་བཟོ་འགོ་ཁུངས་ཁྱབ་བཤེར་ཐེངས་དང་པོའི་གཞི་གྲངས་དང་བསྡུར་ན། བཙོག་བཟོ་རྫས་འགྱུར་གྱི་དབྱང་དབུགས་མཁོ་ཚད་དང་ཕྱིར་གཏོང་ཚད་མངོན་གསལ་སྒོས་ཇེ་ཉུང་དུ་སོང་།

ལོ་ལྔའི་ཚུན་དུ། རང་ཞིང་གིས་ཐོག་མར་རྒྱལ་ཡོངས་ཞིང་ཆེན་རིམ་པའི་ཕྱོགས་ངོས་ནས་སྐྱེ་ཁམས་དཔལ་ཡོན་སྒྲིག་གཞི་བཅོས་བསྒྱུར་ཐད་ནས་ཇུས་འགོད་བཟང་བོ་བྱས་པ་དང་། ཀྲུང་དབྱང་གི་རེ་བ་དང་མཐུན་པ་དང་། མཚོ་སྔོན་གྱི་ཁྱད་ཆོས་ལྡན་པའི་སྐྱེ་ཁམས་དཔལ་ཡོན་ལམ་ལུགས་མ་ལག་བཙུགས་ལ། རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་སྒྲིག་གཞི་ཚོད་ལྟའི་ཇུས་གཞི་ཡིས་རང་རྒྱལ་གྱི་རྒྱལ་ཁབ་སྤྱི་གླིང་སྒྲིག་གཞི་ཚོད་ལྟའི་འགོ་དངོས་སུ་བརྩམས་པ་མ་ཟད། ད་དུང་རང་རྐྱ་འཕེར་བའི་དབང་ཟིལ་དང་སྲིད་ཇུས་ལ་ལྟ་སྐུལ་བྱེད་པའི་སྐྱེ་ཁམས་ཁོར་ཡུག་ལྟ་ཞིབ་བྱ་བའི་མ་ལག་ཐོག་མ་བཙུགས་པས།  བཙོག་འདོན་དབང་ཆའི་ཉོ་ཚོང་རྒྱུན་རྣམ་ཅན་དུ་བསྒྱུར་བ་དང་། སྐྱེ་ཁམས་སྤྱི་ཕན་ཁྲིམས་འཛིན་སྲུང་སྐྱོབ་རྐྱེན་སྲོལ་རྒྱུན་མ་ཆད་པར་ལེགས་བསྒྱུར་བྱས་ལ། སྐྱེ་ཁམས་དཔལ་ཡོན་ལམ་ལུགས་བཅོས་བསྒྱུར་ཐད་ནས་གྲུབ་འབྲས་གསར་བ་བླངས་པ་དང་། ཞིང་ཆེན་ཡོངས་ཀྱི་ཁྱབ་ཁོངས་གཙོ་བོའི་ཁོར་ཡུག་ཉེན་བརྡ་དང་ཉེན་ཁ་ཚོད་འགོག་རྒྱུན་མཐུད་ངང་ཇེ་མཐོར་སོང་།

ལོ་ཙཱ་བ། རིན་ཆེན་མཚོ།