རེབ་གོང་ཤུལ་བཞག་རིག་གནས་གླེང་སྟེགས་སྐབས་གསུམ་པ་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་རིན་གྲོང་ཁྱེར་དུ་བསྡུས།
2020.11.09 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 35

ཁྱད་ཆོས་འབུར་དུ་ཐོན་པར་བྱེད་པ་དང་བྱེད་ཐབས་ལག་བསྟར་བྱས་ནས། རེབ་གོང་རིག་གནས་སྐྱེ་ཁམས་སྲུང་སྐྱོབ་ཁུལ་འཛུགས་སྐྲུན་གྱི་ཆུ་ཚད་མཐོར་འདེགས་གཏོང་བ་བརྗོད་དོན་དུ་བྱས་པའི2020ལོའི་རེབ་གོང་རིག་གནས་གླེང་སྟེགས་སྐབས་གསུམ་པ་ཉེ་ཆར་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་རིན་གྲོང་ཁྱེར་གློག་བརྙན་ཟློས་གར་ཁང་དུ་བསྡུ་འགོ་བརྩམས་པ་དང་། ཞིང་ཆེན་ཕྱི་ནང་གི་འབྲེལ་ཡོད་ཁྱབ་ཁོངས་ནས་ཡོང་བའི་ཆེད་མཁས་པ་དང་དགེ་རྒན་ཆེན་མོ། ས་གནས་དེའི་ཁུལ་རིམ་པ་ཡན་གྱི་བཟོ་རྩལ་མཛེས་རྩལ་མཁན་པོ། གཟུགས་འདས་ཤུལ་བཞག་རིག་གནས་ལས་གཞིའི་འཐུས་ཚབ་རང་བཞིན་གྱི་རྒྱུན་འཛིན་པ། ཐུན་རིན་གྲོང་ཁྱེར་རིག་གནས་གནས་སྐོར་ཁེ་ལས་ཀྱི་འཐུས་ཚབ་མི་སྣ་བཅས་མི་ཉིས་བརྒྱ་ལྷག་གདན་ཞུ་བྱས་པ་ལྟར་གླེང་སྟེགས་ལ་ཞུགས།

རྨ་ལྷོ་ནི་རང་ཞིང་གི་གཟུགས་འདས་ཤུལ་བཞག་རིག་གནས་དང་གནས་སྐོར་ཐོན་ཁུངས་ཆེས་ཕྱུག་པའི་ས་ཁུལ་གྲས་ཀྱི་གཅིག་ཡིན་ལ། མིའི་རིགས་ཀྱི་གཟུགས་འདས་རིག་གནས་ཤུལ་བཞག་སྟེ་རེབ་གོང་སྒྱུ་རྩལ་གྱི་ཕ་ས་ཡིན། 2008ལོར། ཧྥུའུ་ཅན་ལྷོ་རྒྱུད་དང་ཧོས་ཀྲིག་རིག་གནས་སྐྱེ་ཁམས་སྲུང་སྐྱོབ་ཚོད་ལྟ་ཁུལ་གཉིས་ཀྱི་རྗེས་སུ། རྨ་ལྷོ་ཁུལ་དེ་རྒྱལ་ཁབ་རིག་གནས་དང་གནས་སྐོར་པུའུ་ཡིས་ཆོག་མཆན་བཀོད་དེ་རྒྱལ་ཡོངས་ཀྱི་རྒྱལ་ཁབ་རིམ་པའི་རེབ་གོང་རིག་གནས་སྐྱེ་ཁམས་སྲུང་སྐྱོབ་ཚོད་ལྟ་ཁུལ་གསུམ་པ་དང་ནུབ་བྱང་ས་ཁུལ་གྱི་རྒྱལ་ཁབ་རིམ་པའི་རེབ་གོང་རིག་གནས་སྐྱེ་ཁམས་སྲུང་སྐྱོབ་ཚོད་ལྟ་ཁུལ་དང་པོ་རུ་བདམས་པ་དང་། 2009ལོར། རེབ་གོང་སྒྱུ་རྩལ་མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱིས་མིའི་རིགས་ཀྱི་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་འཐུས་ཚབ་བརྩམས་ཆོས་ཀྱི་མིང་ཐོའི་ཁྲོད་བཞག 2014ལོར། རྨ་ལྷོ་ཁུལ་རྒྱལ་ཁབ་བོད་ཆའང་དབྱི་རིག་གནས་ཐོན་ལས་བར་ཁྱམས་ཁྲོད་བཞག་པ་མ་ཟད། སྔ་གཞུག་ཏུ་ཐེངས་གཉིས་ལ་རྒྱལ་ཁབ་རིག་གནས་འཛད་སྤྱོད་ཚོད་ལྟའི་གྲོང་ཁྱེར་ཁྲོད་ཚུད། 2015ལོའི་ཟླ་བཅུ་གཉིས་པར། རེབ་གོང་ཐང་ཀ་རྒྱལ་ཁབ་སྤུས་ཚད་ཞིབ་བཤེར་སྤྱི་ཁྱབ་ཅུའུ་ཡིས་ཀྲུང་གོའི་ས་གཤིས་མཚོན་རྟགས་སྲུང་སྐྱོབ་ཐོན་རྫས་སུ་བདམས།  2016ལོར་རྨ་ལྷོ་ཁུལ་ཐུན་རིན་གྲོང་ཁྱེར་ལ་ཀྲུང་གོའི་ཐང་ཀའི་སྒྱུ་རྩལ་གྱི་ཕ་སའི་མིང་བཏགས། 2017ལོར། རྨ་ལྷོ་ཁུལ་རྒྱལ་ཁབ་སྤུས་ཚད་ཞིབ་བཤེར་སྤྱི་ཁྱབ་ཅུའུ་ཡིས་རྒྱལ་ཁབ་རེབ་གོང་རིག་གནས་ཐོན་ལས་ཀྱི་ཚོང་རྟགས་མིང་གྲགས་ཅན་འཛུགས་སྐྲུན་དཔེ་སྟོན་ཁུལ་དུ་བདམས་ནས། རྒྱལ་ཡོངས་ཀྱི་རིག་གནས་ཚོང་རྟགས་མིང་གྲགས་ཅན་འཛུགས་སྐྲུན་དཔེ་སྟོན་ཁུལ་གཅིག་པུ་རུ་གྱུར། 2018ལོར། རེབ་གོང་རིག་གནས་ཐོན་ལས་དེ་མཚོ་སྔོན་ཞིང་ཆེན་གྱི་མཚོ་སྔོན་གྱི་ཚོང་རྟགས་མིང་གྲགས་ཅན་དུ་བདམས།

གསར་འགོད་པས་ཡུལ་དངོས་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཐེངས་འདིའི་གླེང་སྟེགས་ཐད་ནས་བསྡོམས་པས་རྒྱ་ཡིག་གླེང་སྟེགས་དང་བོད་ཡིག་གླེང་སྟེགས། ཆེད་མཁས་པའི་ཚན་ཆུང་གི་ལྟ་ཞིབ་བཅས་རིགས་སྣ་ཆེན་པོ་གསུམ་དུ་བགོས་ཡོད་པ་དང་། གླེང་སྟེགས་འགོ་རྩོམ་པའི་ཉིན་དེར། གླེང་སྟེགས་ལ་ཞུགས་པའི་ཆེད་མཁས་པ་དང་སྐུ་མགྲོན་ཚོས་སོ་སོར་རིག་གནས་གནས་སྐོར་མཉམ་བསྲེས་དང་རིག་གནས་སྐྱེ་ཁམས་སྲུང་སྐྱོབ་ཁུལ་འཛུགས་སྐྲུན། རེབ་གོང་སྒྱུ་རྩལ་གྱི་འཕེལ་རྒྱས་དང་རྒྱུན་འཛིན་སོགས་ནང་དོན་ཐད་ནས་བརྗེ་རེས་གཏམ་བཤད་བྱས།

ལོ་ཙཱ་བ། རིན་ཆེན་མཚོ།