བོད་ཀྱི་གསོ་རིག་དང་ཚན་རིག་ལྟ་གྲུབ་ཀྱི་མཚུངས་ཆོས་བགྲོ་གླེང་ཚོགས་འདུ་སྐབས་གསུམ་པ་མཚོ་སྔོན་སློབ་ཆེན་བོད་ལུགས་གསོ་རིག་སློབ་གླིང་དུ་བསྡུས།
2020.11.15 ཁུངས། ཀློག་གྲངས། 249

༼   གསར་འགོད་པ། སྐལ་བཟང་རྣམ་རྒྱལ། ༽   སྤྱི་ཟླ་བཅུ་གཅིག་པའི་ཚེས་བཅུ་བཞི་ཉིན། བོད་ཀྱི་གསོ་རིག་དང་ཚན་རིག་ལྟ་གྲུབ་ཀྱི་མཚུངས་ཆོས་བགྲོ་གླེང་ཚོགས་འདུ་སྐབས་གསུམ་པ་མཚོ་སྔོན་སློབ་ཆེན་བོད་ལུགས་གསོ་རིག་སློབ་གླིང་དུ་བསྡུས།

མཚོ་སྔོན་སློབ་ཆེན་བོད་ལུགས་གསོ་རིག་སློབ་གླིང་གི་འགོ་ཁྲིད་རྣམས་ཀྱི་ཞིབ་ཚགས་ཇུས་འགོད་དང་འབུམ་རམས་པ་དག་གི་འབད་བརྩོན་འོག སྐབས་དང་པོ་དང་སྐབས་གཉིས་པའི་བོད་ཀྱི་གསོ་རིག་དང་ཚན་རིག་ལྟ་གྲུབ་ཀྱི་མཚུངས་ཆོས་བགྲོ་གླེང་ཚོགས་འདུ་ལ་ཚོགས་ཞུགས་ཆེད་མཁས་པ་རྣམས་ཀྱིས་གདེང་འཇོག་དང་ཁས་ལེན་ཆེན་པོ་གནང་པས། བོད་ལུགས་གསོ་རིག་དང་དེང་རབས་གསོ་རིག་གི་ཚན་རིག་ཞིབ་བསྡུར་ཞིབ་འཇུག་གི་ཆུ་ཚད་མཐོར་འདེགས་གཏོང་ཆེད་ཐེངས་འདིའི་ཚོགས་འདུ་བསྡུས་པ་རེད།

ཐེངས་འདིའི་རིག་གཞུང་བགྲོ་གླེང་ཚོགས་འདུ་ལ་ཚོགས་ཞུགས་ཆེད་མཁས་པ་རྣམས་ཀྱིས་གླེང་སློང་བའི་བགྲོ་གླེང་བྱས་ཤིང་། རྒྱ་ཆེའི་དགེ་སློབ་རྣམས་ཀྱིས་དྲི་བ་བཏོན་པ་དང་། ཆེད་མཁས་པས་དཔྱད་འཇོག་གནང་པ་སོགས་ཀྱི་གོ་རིམ་གསུམ་བརྒྱུད་ནས། རིག་གཞུང་ཞིབ་འཇུག་གི་གྲུབ་འབྲས་གསར་བ་རེ་རེ་ཚོགས་རའི་དཀྱིལ་དུ་སྒྲོག་འདོན་བྱས་པ་དང་། ཚོགས་ཞུགས་པ་རྣམས་ཀྱིས་རང་རང་གི་འདོད་ཚུལ་ལྟར་དྲི་བ་སྣ་ཚོགས་དྲིས་བྱུང་པས། མཁས་བརྒྱའི་འགྲན་གླེང་དང་མེ་ཏོག་མཉམ་བཞད་ཀྱི་མཁའ་དབུགས་ལེགས་པོ་ཞིག་གིས་ཀུན་ནས་བརྟས་བྱུང་།

ཚོགས་ཐོག་ཏུ་མཚོ་སྔོན་ཞིང་ཆེན་བོད་སྨན་ཁང་གི་སྨན་པ་ཆེད་མཁས་སྐལ་བཟང་བཀྲ་ཤིས་ཀྱིས་བོད་ལུགས་གསོ་རིག་ནི་རྟེན་འབྲེལ་གྱི་རིག་པ་ཞིག་ཡིན་ཚུལ་གྱིས་གླེང་བསླངས་ནས། ནང་ཆོས་དང་གསོ་རིག་གི་ལྟ་གྲུབ་གཉིས་གཞི་གཅིག་ཏུ་བསྲེས་ཏེ། བོད་ལུགས་གསོ་རིག་གི་སྲོལ་རྒྱུན་ལྟ་གྲུབ་དེ་ཚན་རིག་དང་མཐུན་པའི་གནས་ལུགས་གླེང་བྱུང་ལ། ཆེད་མཁས་པ་རྒྱལ་བ་ལགས་ཀྱིས་བོད་སྨན་སྡེབས་སྦྱོར་བཟོ་རྩལ་གྱི་ཁྱད་འཕགས་རང་བཞིན་རྩལ་དུ་བཏོན་ནས་གླེང་པ་དང་། ཆེད་མཁས་པ་མཁའ་འགྲོ་སྐྱབས་ཀྱིས་བདུད་རྩི་ཆོས་སྨན་གྱི་ཁྱད་ཆོས་དང་ཕན་ནུས་སོགས་ལ་རྒྱུད་གཞུང་ནས་ལུངས་དྲངས་ཏེ་གསལ་བཤད་བྱས་ཤིང་། དེའི་བཅོས་ཐབས་ནི་དེང་གི་དེང་གི་ནུབ་ཕྱོགས་གསོ་རིག་ལས་དྲི་ཆེན་སྤོར་འཛུགས་ཀྱི་བཅོས་ཐབས་དང་ཕན་ནུས་ཡོངས་སུ་གཅིག་མཚུངས་ཡིན་ཚུལ་སྒྲོག་བཤད་བྱས་ཏེ། གསོ་རིག་ཞིབ་བསྡུར་རིག་པའི་ཐབས་ལ་བརྟེན་ནས་དཔྱོད་ལྡན་རྣམས་ལ་ཡིད་ཀྱི་མགུ་བ་ཅིག་ཅར་འཕྲོག་པའི་དཔྱད་གཞི་གསར་པ་ཞིག་བགོ་སྐལ་དུ་བསྩལ་བྱུང་ལ། དེ་བཞིན་ཆེད་མཁས་པ་དང་འབུམ་རམས་པ་བསྡོམས་པས་བཅུ་གཉིས་ལྷག་གིས་ལྟ་ཚུལ་བགྲོ་གླེང་བྱས།

ཐེངས་འདིའི་བགྲོ་གླེང་ལ་རིག་གཞུང་གི་ཁ་དབུགས་སྟུག་པོ་ལྡན་པ་མ་ཟད།བོད་ལུགས་གསོ་རིག་གི་འཕེལ་རྒྱས་ལམ་ཁ་དེ་ཚན་རིག་གི་ཕྱོགས་སུ་སྣེ་ཁྲིད་བྱེད་པར་སྐུལ་འདེད་ཀྱི་ནུས་པ་གལ་ཆེན་ཐོན་ཡོད་པ་དང་། མ་འོངས་འབྱུང་འགྱུར་གྱི་གསོ་རིག་རིག་གཞུང་ཞིབ་འཇུག་དང་ནད་ཐོག་ལག་ལེན། སྲོལ་རྒྱུན་རྒྱུད་འཛིན་དང་སྔར་མེད་གསར་གཏོད་ཀྱི་ཕྱོགས་སུ་གོམ་པ་སྤོ་བར་སྔར་མེད་བྱས་རྗེས་བཞག་འདུག༼   ཚར། ༽