འཆམ་མཐུན་དཔལ་ལ་རོལ་བའི་སྡེ་ཁུལ་ཞིག
2020.11.18 ཁུངས། གངས་ལྗོངས་འཕྲིན་གསར། ཀློག་གྲངས། 29

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“མི་རིགས་ཀྱི་ལས་དོན་ཡག་པོར་སྒྲུབ་པའི་འགག་རྩ་ནི་ཏང་དང་མི་དམངས་ལ་ཐུག་ཡོད” ཅེས་གསུངས་པ་ལྟར། སྡེ་ཁུལ་ནི་གྲོང་ཁྱེར་གྱི་ཕྲ་ཕུང་ལྟ་བུ་ཡིན་ལ། མི་རིགས་མཐུན་སྒྲིལ་གྱི་དྲིལ་བསྒྲགས་བྱེད་སྒོ་སྤེལ་བའི་གཡུལ་ས་གཙོ་བོ་ཞིག་ཀྱང་ཡིན། ཟླ11པའི་ཚེས11ཉིན། གསར་འགོད་པ་འཇུ་ལག་ཧའེ་རིགས་རང་སྐྱོང་རྫོང་འཇུ་ལག་གྲོང་རྡལ་གནམ་གཤིས་ལམ་སྡེ་ཁུལ་དུ་བསྐྱོད་ནས་སྡེ་ཁུལ་དེས་མང་ཚོགས་ལ་ཇི་ལྟར་ཞབས་འདེགས་ཞུ་བ་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་ཁུལ་གཏོད་པའི་ལས་དོན་ཏན་ཏིག་ངང་སྒྲུབ་པའི་གནས་ཚུལ་ལ་ཤེས་རྟོགས་ཞིབ་ཕྲ་བྱས་པ་རེད། 

གནམ་གཤིས་ལམ་སྡེ་ཁུལ་ཨུ་ཡོན་ལྷན་ཁང་ནི2004ལོའི་ཟླ4བར་བཙུགས་ཤིང་། འཇུ་ལག་གྲོང་རྡལ་གྱི་བཞི་མདོ་ཆེན་མོ་ལྟེ་བར་བྱས་པའི་ནུབ་བྱང་གི་ཟུར་དུ་ཆགས་ཡོད་ལ། ཁོངས་གཏོགས་ཁུལ་གྱི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ4.2ཡོད། རྒྱུན་སྡོད་མི་གྲངས་ལ་ཁྱིམ་ཚང7318ཡོད་པ་དང་མི22020ཡོད་པ་དེའི་ཁྲོད་གྲངས་ཉུང་མི་རིགས་ཀྱི་མི་གྲངས11451ཡོད། གཙོ་ཆེར་རྒྱ་རིགས་དང་ཧའེ་རིགས། སོག་རིགས། བོད་རིགས། ཧོར་རིགས། ཡུས་ཀུའུ་རིགས། ལྡོང་སྤྱང་རིགས། ཟ་ལར་རིགས། ལིས་རིགས་སོགས་མི་རིགས9ཡིས་གྲུབ་ཡོད། གནས་འདི་རུ་མི་རིགས་ཕན་ཚུན་བར་དམའ་འབེབས་དང་མཐོང་ཆུང་མི་བྱེད་པར། ཕན་ཚུན་ལ་རོགས་རམ་དང་རྒྱབ་སྐྱོར་གྱིས་ཕྱུག་ཡོད། གནས་འདི་རུ་འཚོ་སྡོད་བྱེད་བཞིན་པའི་མི་བུ་སོ་སོའི་མི་རིགས་མི་འདྲ་ནའང་ཕན་ཚུན་བར་བརྩི་འཇོག་དང་འདྲ་མཉམ། གཅེས་སྐྱོང་བཅས་བྱེད་པའི་འདུ་ཤེས་དར་སྤེལ་གཏོང་བཞིན་མཆིས། གནས་འདི་རུ“མི་རིགས་མཐུན་སྒྲིལ”ནི་སྤྱིར་བཏང་གི་འབོད་ཚིག་ཙམ་མ་ཡིན་པར་མི་བུ་རེ་རེའི་སེམས་ཁོང་དུ་ཟུག་པའི་འོས་འགན་རེ་རེ་དང་མི་སེམས་འགུལ་བའི་སྣང་བརྙན་རེ་རེ་རེད།

ལོ་རེའི་ལྔ་བའི་བ་བཞིའི་དུས་ཆེན་དང་དཔྱིད་གསར་དུས་ཆེན་སོགས་སྲོལ་རྒྱུན་གྱི་དུས་ཆེན་དང་འཕྲད་སྐབས། སྡེ་ཁུལ་གྱི་སྡེ་མི་ཚང་མ་ཕྱོགས་བཞི་མཚམས་བརྒྱད་ནས་མཉམ་གཅིག་ཏུ་འཛོམས་ནས་དུས་ཆེན་ལ་རྟེན་འབྲེལ་དང་སྨོན་འདུན་ཞུ་ཞོར་མི་རིགས་སྤུན་ཟླ་བར་གྱི་བརྩེ་སེམས་མཚོན་པར་བྱེད་པ་རེད། གུས་པའི་སྤྱོད་ཚུལ་བཟུང་ནས་མི་རིགས་ཁག་བར་ལ་བརྩི་མཐོང་དང་རོགས་རམ་བྱེད་པ་ནི་འཆམ་མཐུན་དཔལ་ལ་རོལ་བའི་སྡེ་ཁུལ་ཞིག་ཆགས་པའི་རྩ་བ་མ་ཡིན་ནམ།

ད་ལོར་ལོ77ལ་སླེབས་པའི་ཕུའུ་ཀྲན་ཧྲོན་ནི་ཁེར་རྐྱང་དུ་བསྡད་ཡོད་པའི་རྒན་པ་ཞིག་རེད། 2016ལོར། སྡེ་ཁུལ་གྱི་ལས་དོན་མི་སྣའི་ཐུགས་ཁུར་དང་རོགས་རམ་འོག ཞིས་ཞིག་ཧྲོས་ཧྭ་ཡོན་གཞིས་ཁུལ་དུ་རིན་གོང་དམའ་བའི་གླ་གཏོང་ཁང་བ་ཞིག་བགོ་བཤའ་བརྒྱབ་ནས་དེ་རུ་འདུག་ཏུ་བཅུག་པ་རེད། རྒན་པོ་ཕུའུ་ཀྲན་ཧྲོན་གྱི་ལུས་ཕུང་དེ་འདྲའི་བདེ་རྒྱུ་མེད་ལ་སྨན་ཡང་ཆག་མེད་དུ་འཐུང་བཞིན་ཡོད། སྡེ་ཁུལ་གྱི་ལས་དོན་མི་སྣས་གནས་ཚུལ་དེ་ཤེས་རྗེས། འབྲེལ་ཡོད་སྡེ་ཁག་དང་འབྲེལ་བ་བྱས་ནས་ཁོ་ལ“དམིགས་བསལ་དཀའ་ངལ་ཡོད་པའི་གཟིགས་སྐྱོང”དང་ལོ་ན་མཐོ་བའི་ཁ་གསབ་སོགས་སྒྲུབ་རོགས་བྱས་ནས་རྒྱུན་དུ་ཁོ་ལ་ལྟ་རུ་ཡོང་བར་མ་ཟད། ཁྱིམ་མཚེས་ཧུའེ་རིགས་ཚང་དེར་ཡང་རྒན་པོ་ཁོ་ལ་ལྟ་རྟོག་བྱ་དགོས་པའི་མངག་བཅོལ་བྱས་པ་རེད། བྱམས་བརྩེའི་ཕྱག་ཟུང་ཐོགས་པའི་ཁྱིམ་མཚེས་དེ་གའི་ཁྱིམ་མི་ཉིན་ལྟར་རང་འགུལ་ངང་ཁོར་ལྟ་རུ་ཡོང་བར་མ་ཟད་རང་གི་ནང་མི་ཇི་བཞིན་ལྟ་སྐྱོང་བྱེད་བཞིན་མཆིས། དུས་རྒྱུན་ཁྱིམ་མཚེས་བཟང་བོ་འདིའི་བྱམས་སྐྱོང་ཡོད་ལ། དེའི་ཁར་སྡེ་ཁུལ་གྱིས་རྒན་པོའི་སེམས་ཁྲལ་དང་དཀའ་ངལ་སེལ་གང་ཐུབ་བྱས་པས་རྒན་པོའི་ཐོབ་སྣང་དང་སྐྱིད་སྣང་ཆེས་ཆེར་འཕེལ་ནས་ཕུའུ་ཀྲན་ཧྲོན་ལ་གྲོགས་མེད་ཁེར་རྐྱང་དུ་ལུས་པའི་ཚོར་སྣང་མེད་པར་གྱུར།

ནུས་ཤུགས་ཡོད་རྒུས་དམངས་ཀྱི་སེམས་ཁྲལ་སེལ་བའི་ཐད“གཅེས་སེམས་སྤྱི་ཕན་སློབ་ཁང”ཞེས་པ་ཡང་གནམ་གཤིས་ལམ་སྡེ་ཁུལ་གྱི་བརྗོད་གཞི་གལ་ཆེན་ཞིག་རེད། གནམ་གཤིས་ལམ་སྡེ་ཁུལ་གྱི་གནམ་གཤིས་གཞིས་ཁུལ་དུ་གཞིས་སྲུང་བྱིས་པ་མང་བོ་ཡོད་ལ། ཕ་མ་ཕྱི་རོལ་དུ་ཞོར་ལས་ལ་སོང་ན། བྱིས་པ་རྒྱུན་ཏུ་སྤོ་བོ་དང་རྨོ་བོས་གཉོར་གྱིན་ཡོད། བྱིས་པ་འདི་དག་གི་འཚོ་བར་དཀའ་ཁག་ཅི་ཡང་མེད། འོན་ཀྱང་ཉིན་ལྟར་སློབ་གྲྭ་གྲོལ་རྗེས་ཁྱིམ་དུ་ལོག་སྐབས་ཁྱིམ་གྱི་ལས་བྱ་ཟུར་ཁྲིད་བྱེད་མཁན་མེད་པ་དེ་སྤོ་བོ་དང་རྨོ་བོ་ཚོའི་སེམས་ནད་དུ་གྱུར་འདུག 

2018ལོར། གུང་གཞོན་ཚོགས་པ་འཇུ་ལག་རྫོང་ཨུ་དང་སློབ་གསོ་ཅུས་ཀྱི་རྒྱབ་སྐྱོར་འོག གནམ་གཤིས་ལམ་སྡེ་ཁུལ་དུ“གཅེས་སེམས་སྤྱི་ཕན་སློབ་ཁང”བཙུགས་ལ། བྱིས་པ་ཚོ་སློབ་གྲྭ་གྲོལ་རྗེས། གཟའ་འཁོར་རེའི་གཟའ་ཟླ་བ་ནས་པ་སངས་བར“གཅེས་སེམས་སྤྱི་ཕན་སློབ་ཁང”དུ་སློབ་སྦྱོང་བྱེད་པར་བསྐྱོད་ལ་དགེ་རྒན་གྱིས་ཆེད་དུ་སློབ་ཚན་ཟུར་ཁྲིད་བྱེད་ཀྱི་ཡོད།

“གཅེས་སེམས་སྤྱི་ཕན་སློབ་ཁང”བཙུགས་རྗེས། རྒན་རྒོན་རྣམས་ཀྱི་སེམས་ཁམས་བདེ་ཐང་དུ་ཕྱིན་ཡོད། ཁོ་ཚོས་གནམ་གཤིས་ལམ་སྡེ་ཁུལ་གྱི་ཏང་ཀྲི་པུའི་ཧྲུའུ་ཅི་ཁྲིན་ཞང་མཐོང་དུས། དགའ་སྤྲོའི་ངང་ཁོ་མོའི་ལག་པར་འཇུས་ནས་ཐུགས་རྗེ་ཆེ་ཞུས་ལ། “བུ་མོ། ཁྱེད་ཀྱིས་ང་ཚོའི་དཀའ་ངལ་ཆེན་པོ་ཞིག་སེལ་རོགས་བྱས་བྱུང་། ད་ལོ་གནམ་གཤིས་ལམ་སྡེ་ཁུལ་གྱི་ཤུགས་རྐྱེན་འོག་མཐའ་འཁོར་གྱི་གཞིས་ཁུལ་ཆུང་ངུ་དག་ཏུའང་སྔ་རྗེས་སུ་གཅེས་སེམས་སྤྱི་ཕན་སློབ་ཁང་བཙུགས་ཡོད་ཅེས་བཤད།

“ཏང་ཡོན་ནི་དར་ཆ་དང་ཀྲི་པུའུ་ནི་བཙན་རྫོང་ཞིག་སྟེ” གནམ་གཤིས་ལམ་སྡེ་ཁུལ་གྱིས་མཉམ་འཛུགས་མཉམ་སྐྲུན་སྡེ་ཁག་དང་མཉམ་དུ“གསར་བརྗེའི་ཏང་ཨུ་ཆེན་པོ”བཙུགས་ལ། ཏང་ཨུ་ཆེན་པོ་དེ་སྡེ་ཁུལ་ལས་དོན་གྱི་འགོ་ཁྲིད་སྲོག་ཤིང་དང་མཐུན་སྦྱོར་ངང་སྤྱིའི་སྒྲིག་གཞི་དམ་འཛིན་བྱ་གཞིར་བྱས་ཏེ་སྡེ་ཁུལ་བཅོས་སྐྱོང་ལས་དོན་ལ་སྣེ་ཁྲིད་བྱེད་པའི་ལམ་སྲོལ་ལ་འཚོལ་ཞིབ་དང་སྐུལ་འདེད་བཏང་ཡོད་པ་དང་། སྡེ་ཁུལ་ཏང་ཀྲི་པུས“ལྔ་སྐྱོང་ལམ་ལུགས”ཀྱི་ལས་ཀའི་རྣམ་པ་དེ་སྤྱི་ཚོགས་བཅོས་སྐྱོང་གི་བྱེད་ཐབས་གལ་ཆེན་ཞིག་ཏུ་བརྩིས་ནས། ཏང་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་འཛུགས་ལས་དོན་དེ་དམངས་སེམས་དྲོ་སྐྱིད་ལྡན་པ་དང་དམངས་སེམས་བརྟན་པོ་ཡོང་བ་སོགས་ཀྱི་ཐད་དུ་སྤྱད་ཡོད་པ་རེད། 

དུས་ཆེན་སྣ་ཚོགས་ཀྱི་སྐབས་སུ་སྡེ་ཁུལ་གྱི་མང་ཚོགས་ཚོའི་ཁྱིམ་དུ་བསྐྱོད་དེ་འཚམས་འདྲི་བྱེད་པ་དང་། སྡེ་ཁག་དང་ཁེ་ལས་ཁག་གིས་ཞལ་འདེབས་སུ་ཕུལ་བའི་འཚམས་འདྲིའི་དངོས་པོ་འཁྱེར་ནས་མི་རིགས་མཐུན་སྒྲིལ་གྱི་གལ་ཆེའི་རང་བཞིན་དྲིལ་བསྒྲགས་བྱེད་པ་ནི་སྡེ་ཁུལ་གྱི་མི་རིགས་མཐུན་སྒྲིལ་དྲིལ་བསྒྲགས་བྱེད་སྒོ་ཡར་རྒྱས་གོང་འཕེལ་དུ་འགྲོ་བ་དང་སྡེ་ཁུལ་གྱི་ལས་དོན་མི་སྣའི་བློ་སྒོ་འབྱེད་པའི་ཐབས་ལམ་གལ་ཆེན་ཞིག་རེད། 

གནམ་གཤིས་ལམ་སྡེ་ཁུལ་ལ་སྔ་རྗེས་སུ“རྒྱལ་ཡོངས་ཀྱི་གནོད་འཚེ་ཉུང་གཏོང་གི་ཕྱོགས་བསྡུས་དཔེ་སྟོན་སྡེ་ཁུལ”དང་། “ཞིང་ཆེན་རིམ་པའི་དུས་བདེའི་ཁྱིམ་ཚང་གཏོད་པའི་དཔེ་སྟོན་སྡེ་ཁུལ” “ཞིང་ཆེན་རིམ་པའི་ལས་ཞུགས་གང་ལེགས་ཀྱི་སྡེ་ཁུལ” “མཚོ་བྱང་ཁུལ་གྱི་མི་རིགས་མཐུན་སྒྲིལ་ཡར་དཔེ་སྟོན་སྡེ་ཁག” “ཁུལ་ཡོངས་ཀྱི་ཕྱོགས་བསྡུས་བཅོས་སྐྱོང་གི་བརྟན་ལྷིང་སྔོན་ཐོན་ཐུན་མོང”སོགས་ཀྱི་གཟི་བརྗིད་མཚན་སྙན་ཐོབ་པར་མ་ཟད། གནམ་གཤིས་ལམ་སྡེ་ཁུལ་གྱི་ཏང་ཀྲི་པུའི་ཧྲུའུ་ཅི་ཁྲིན་ཞང་ཡང“རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་སྔོན་ཐོན་མི་སྒེར”ལ་བདམས་ཡོད་པ་རེད།

ཁྲིན་ཞང་གིས“སྡེ་ཁུལ་གྱི་ལས་དོན་ལ་ནམ་ཡང་མཇུག་སྒྲིལ་རྒྱུ་མེད་ལ། བརྩེ་སེམས་ནི་མཐའ་ཡས་པ་ཞིག་ཡིན་པས་དམངས་སེམས་གཅིག་ཏུ་སྒྲིལ་ན་ང་ཚོས་ཐུན་མོང་ཐོག་བསྐྲུན་པའི་བྱ་གཞག་ལ་སྔར་བས་འོད་སྟོང་ལྡན་ངེས་ཡིན་ཞེས་བཤད།