རིག་གནས་དཔུང་སྡེ་དམངས་ཀྱི་དྲུང་ན་མཛེས།
2020.11.18 ཁུངས། ཀློག་གྲངས། 96

དགུན་མགོ་མའི་འཇུ་ལག་གྲོང་རྡལ་དུ་ཉི་འོད་རབ་ཏུ་འཕྲོས་ཤིང་ས་གཞི་ཡོངས་ལ་དྲོད་ཁོལ་གྱིས་ཁེངས་འདུག ཟླ11པའི་ཚེས10ཉིན། འཇུ་ལག་ཧའེ་རིགས་རང་སྐྱོང་རྫོང་ཆུ་མིག་གྲོང་རྡལ་ཉག་ག་ཏང་ཡོན་བྱ་འགུལ་ཁང་གི་ཐང་ཆེན་དུ་མི་ཚོགས་ཀྱིས་ཁེངས་ཤིང་དམར་མདངས་བཀྲ་བའི་སྐར་ལྔའི་དར་དམར་ཡང་མཁའ་དབྱིངས་སུ་ལྷབ་ལྷུབ་ཏུ་གཡོ་བཞིན་ཡོད་ལ། དེ་གར་འཇུ་ལག་རྫོང་རིག་གནས་ཡུལ་སྐོར་ཁོངས་གཏོགས་ཀྱིས“ཏང་གི་སྐབས་བཅུ་དགུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བའི་དགོངས་དོན་སློབ་སྦྱོང་དང་དྲིལ་བསྒྲགས། ལག་བསྟར་བཅས་བྱེད་པའི་དམངས་ཕན་རིག་རྩལ་འཁྲབ་སྟོན”གྱི་བྱེད་སྒོ་སྤེལ་བཞིན་ཡོད་པ་རེད།

སྔ་དྲོའི་ཆུ་ཚོད10སྟེང་། འཇུ་ལག་མེ་ཏོག་རྒྱ་མཚོ་མི་རིགས་སྒྱུ་རྩལ་ཚོགས་པས་ས་གནས་དེ་གའི་མང་ཚོགས་ལ“རིག་གནས་ཀྱི་གསོལ་སྟོན”རྒྱ་ཆེན་པོ་ཞིག་ཕུལ་བ་དང་། གར་སྟེགས་ལ་དམིགས་བསལ་གྱི་ཁྱད་ཆོས་སོགས་གང་ཡང་མེད་ནའང་སྡེ་མི་རྣམས་ཀྱིས་རིག་གནས་ཀྱི་གསོལ་སྟོན་འདི་ལ་དགའ་བསུ་ཆེན་པོ་བྱེད་བཞིན་ཡོད་པ་རེད། སྒྱུ་རྩལ་ཚོགས་པ་དེའི་ཚོགས་གཙོ་ལིས་ཧའོ་ཏུང་གིས་འཁྲབ་སྟོན་བྱེད་པའི་བར་གསེང་དུ་ལག་ཁྱེར་ཁ་པར་བླངས་ཏེ་ཡུལ་དངོས་ཀྱི་ལྟད་མོ་བ་རྣམས་འདྲ་པར་ཞིག་བླངས་རྗེས། “སྒྱུ་རྩལ་ཚོགས་པའི་ཚེ་སྲོག་ནི་ཞིང་གྲོང་དུ་ཡོད་པར་ངོས་འཛིན་བྱེད་ཀྱི་ཡོད་པ་རེད།” ཁོས་བཤད་རྒྱུར། འཇུ་ལག་མེ་ཏོག་རྒྱ་མཚོ་མི་རིགས་སྒྱུ་རྩལ་ཚོགས་པས་ལོ་ལྟར་རྫོང་ཡོངས་ཀྱི་སྡེ་བ་སོ་སོར་སྐོར་སྐྱོད་འཁྲབ་སྟོན་ཐེངས200ཙམ་བྱེད་བཞིན་ཡོད་པས་ཞིང་གྲོང་དུ་གཞི་ཚུགས་ཡོད་ལ་དགའ་བསུ་ཡང་མི་དམན་པ་ཐོབ་འདུག་ཅེས་བརྗོད།

ཉག་ག་སྡེ་བའི་ཨུ་ལྷན་གྱི་ཀྲུའུ་རིན་ཝང་ཡུས་ཀྲིན་གྱིས་བཤད་རྒྱུར།“གཞི་རིམ་དུ་རིག་རྩལ་འཁྲབ་སྟོན་བྱེད་པའི་བྱེད་སྒོ་སྤེལ་བ་དེས་སྡེ་མིའི་རིག་གནས་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་བཏང་བར་མ་ཟད། དཔལ་ཡོན་དང་བདེ་ཐང་། སྤྲོ་སྣང་། འཆམ་མཐུན་བཅས་ཀྱི་ཞིང་གྲོང་གི་རིག་གནས་ཀྱི་རྣམ་པ་བཟང་བོ་ཞིག་བཏོད་པ་དང་། ཡ་རབས་ཚུལ་ལྡན་གྱི་དར་སྲོལ་གསར་བར་སྐུལ་སྤེལ་གཏོང་བ། དབུལ་ཐར་འགག་སྒྲོལ་དང་ཞིང་གྲོང་དར་རྒྱས་སོགས་ཀྱི་ལས་དོན་ལ་སྐུལ་འདེད་གཏོང་བར་ནུས་པ་གལ་ཆེན་ཞིག་ཐོན་ཡོད། ”ཅེས་བཤད།

ལིས་ཧའོ་ཏུང་གིས་ངོ་སྤྲོད་བྱས་པར་གཞིགས་ན། སྒྱུ་རྩལ་ཚོགས་པ་འདི2014ལོར་བཙུགས་པ་དང་ད་ལྟ་འཁྲབ་སྟོན་པ28ཡོད་ལ། ད་ལྟའི་བར་དུ་ཞིང་ཆེན་དང་ཁུལ། རྫོང་བཅས་ཀྱི་རིམ་པ་ཁག་དང་རིགས་ཁག་གི་འཁྲབ་སྟོན་དང་དུས་སྟོན་སོགས་བྱེད་སྒོ་གལ་ཆེན་དག་ཏུ་འཁྲབ་སྟོན་བྱེད་པའི་འགན་འཁུར་ནས《ཐོག་མའི་བསམ་འདུན་མི་བརྗེད་པ》དང་། 《མཛེས་སྡུག་གི་རི་ཀླུང》《མཛེས་སྡུག་གི་འཇུ་ལག》སོགས་དུས་རབས་ཀྱི་འཕེལ་རྒྱས་དང་མཐུན་ཞིང་ཀུན་གྱིས་དགའ་བསུ་བྱེད་པའི་རིག་རྩལ་གསར་རྩོམ་བྱས་ཡོད་པ་རེད། 

སྤྱི་ཚོགས་འཕེལ་རྒྱས་ཡར་ཐོན་བྱུང་བ་དང་བསྟུན། འཇུ་ལག་མེ་ཏོག་རྒྱ་མཚོ་མི་རིགས་སྒྱུ་རྩལ་ཚོགས་པས“གསར་རྩོམ”དང“གསར་གཏོད”ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་སྒྱུ་རྩལ་བརྩམས་ཆོས་ཀྱི་བསམ་བློའི་ནང་དོན་དང་མཚོན་ཐབས་ལེགས་སུ་གཏོང་བ་དང་ཆབས་ཅིག དུས་བསྟུན་མདུན་སྐྱོད་ཀྱི་སྒོ་ནས་ཏང་དང་སྲིད་གཞུང་གི་ཐབས་ཇུས་དང་བཀོད་སྒྲིག་གལ་ཆེན་དྲིལ་བསྒྲགས་བྱེད་པར་གཞོལ་ཞིང་། སྒྱུར་བཅོས་སྒོ་དབྱེའི་གྲུབ་འབྲས་གསར་བ་དང་བྱ་ཐབས་གསར་བ། དར་སྲོལ་གསར་བ། རྣམ་པ་གསར་བ་བཅས་ལ་བསྟོད་གླུ་ཕུལ་ཞོར་མི་དམངས་ཀྱི་འཆམ་མཐུན་བདེ་སྐྱིད་ཀྱི་བསམ་འདུན་མཚོན་པར་བྱས་ཡོད།

རིག་གནས་དར་རྒྱས་གོང་འཕེལ་དུ་བཏང་ནས་མི་སྔར་ལས་མང་བོས་ཕན་བདེ་ལོངས་སྤྱོད་བྱེད་དུ་འཇུག་དགོས། འཇུ་ལག་མེ་ཏོག་རྒྱ་མཚོ་མི་རིགས་སྒྱུ་རྩལ་ཚོགས་པ་འཇུ་ལག་རྫོང་གི“རིགས་པའི་གཞུང་ལུགས་དང་རིག་རྩལ་ཟུང་དུ་འབྲེལ་བའི”ཚོགས་ཆེན་བཅུ་དགུ་བའི་དགོངས་དོན་དྲིལ་བསྒྲགས་བྱེད་པའི་ཕོ་ཉ་བྱས་ནས་སྲིད་གཙང་རིག་གནས་དྲིལ་བསྒྲགས་རིག་རྩལ་སྐོར་སྐྱོད་འཁྲབ་སྟོན་དང“ཁྲིམས་ལ་བརྟེན་ནས་གནམ་འོག་བདེ་ལ་འཁོད་པ”དང“བཅའ་ཁྲིམས་དང་ཀུན་སྤྱོད་ཀྱི་གར་སྟེགས་ཆེན་མོའི”སྤུས་རྟགས་ཁྲིམས་ལུགས་དྲིལ་བསྒྲགས་བྱེད་པའི་རིག་རྩལ་འཁྲབ་སྟོན་པའི་འགན་འཁུར་བ་རེད། 

2019ལོའི་ཟླ་དང་བོར་ཞིང་ཆེན་ཏང་ཨུའི་དྲིལ་བསྒྲགས་པུའུ་དང་ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིང་གིས“མཛེས་སྡུག་ལྡན་པའི་མཚོ་སྔོན་རིག་རྩལ་སྐྱ་མིའི”གཟི་བརྗིད་མཚན་སྙན་གནང་བ་དང་། ད་ལོར་ཡང་ཀྲུང་དབྱང་དྲིལ་བསྒྲགས་པུས“རྒྱལ་ཡོངས་ཀྱི་ཞིང་བར་ཞབས་འདེགས་ཞུ་བ་དང་གཞི་རིམ་གྱི་རིག་གནས་འཛུགས་སྐྱོང་ལ་ཞབས་འདེགས་ཞུ་བའི”གཟི་བརྗིད་མཚན་སྙན་སྤྲད། ཞིང་བ་དང་གཞི་རིམ་ལ་ཞབས་འདེགས་ཞུ་བའི་བརྒྱུད་རིམ་ནི་རིག་གནས་སྒྱུ་རྩལ་ཚོགས་པས་རང་ཉིད་གསོ་སྐྱོང་དང་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་དང་གཞི་རིམ་གྱི་རིག་གནས་དཔུང་ཁག་འཛུགས་སྐྱོང་བྱེད་པའི་བརྒྱུད་རིམ་ཞིག་ཀྱང་ཡིན། དེ་དང་འདྲ་བར་འཇུ་ལག་མེ་ཏོག་རྒྱ་མཚོ་མི་རིགས་སྒྱུ་རྩལ་ཚོགས་པའི་ངོས་ནས་བརྗོད་ནའང་ལོ་མང་གཞི་རིམ་གྱི་དཀའ་ཚེགས་ཆེ་བའི་ཆ་རྐྱེན་འོག་འཁྲབ་སྟོན་བྱས་པ་དེས་འཁྲབ་སྟོན་པའི་འཁྲབ་སྟོན་ཆུ་ཚད་ཆེས་ཆེར་མཐོ་རུ་ཕྱིན་པར་མ་ཟད་བསམ་བློར་ཡང་སྦྱོང་བརྡར་ཐེབས་ཡོད།

གཞི་རིམ་གྱི་ཞིང་གྲོང་དུ་འཁྲུག་ཆ་དོད་པའི་རིག་གནས་ཀྱི་དཔུང་ཁག་འདིས་འཇུ་ལག་རྫོང་གི་ས་ཕྱོགས་ཁག་གི་མང་ཚོགས་རྣམས་དེར་ཞུགས་ནས་ཕུན་སུམ་ཚོགས་པའི་རིག་གནས་ཀྱི་འཚོ་བ་ལོངས་སྤྱོད་ཐུབ་པར་བྱས་ཡོད་ལ། མཚོ་བྱང་ཁུལ་གྱི་སྤྱི་པའི་རིག་གནས་ཞབས་ཞུའི་ནུས་པ་སྔར་ལས་ཆེ་རུ་ཕྱིན་པ་དང་ཆབས་ཅིག་གཞི་རིམ་རིག་གནས་འཛུགས་སྐྱོང་སྐས་རིམ་གསར་བ་ཞིག་ཏུ་བསྐྱོད་ནས་རིག་གནས་ཀྱི་ཉི་འོད་དེ་མི་དམངས་མང་ཚོགས་ཀྱི་འཚོ་བའི་ནང་འཕྲོ་ཐུབ་པར་ཡིད་ཆེས་ཡོད།