མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་དབུལ་ཕོངས་ངལ་རྩོལ་པའི་ལས་ཞུགས་གཞི་ཁྱོན་མི་འབུམ་གཅིག་དང་ཁྲི་བདུན་ལ་སླེབས།
2020.11.23 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 26

དབུལ་ཐར་མཁྲེགས་གཏོར་གྱི་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པའི་གནད་འགག་དུས་སྐབས་སུ། རང་ཞིང་གི་ལས་ཞུགས་དབུལ་སྐྱོར་བྱ་བ་ཡང་ཁྱོན་ཡོངས་ནས་སྲ་བརྟན་མཐོར་འདེགས་གཏོང་བའི་དུས་རིམ་དུ་སླེབས་པ་དང་། སྲིད་ཇུས་ལ་ཤུགས་སྣོན་པ་དང་བཀོད་སྒྲིག་བཟང་བོ་བྱེད་པ། ཚད་མཐའ་མཐིལ་རྟོགས་བྱེད་པ། ལམ་བུ་རྒྱ་སྐྱེད་པ། ཞབས་འདེགས་ཞུ་བ་བརྒྱུད་དེ། དབུལ་ཕོངས་ངལ་རྩོལ་པའི་ལས་ཞུགས་འདུ་ལྟ་བ་བསྒྱུར་བ་དང་། ལས་ཞུགས་ལམ་བུ་རྒྱ་སྐྱེད་ལ། ངལ་རྩོལ་གྱི་ཡོང་སྒོ་ཇེ་མང་དུ་བཏང་བ་དང་དབུལ་ཐར་གྲུབ་འབྲས་སྲ་བརྟན་དུ་བཏང་། མིག་སྔའི་བར་དུ། ཞིང་ཆེན་ཡོངས་ཀྱི་དབུལ་ཕོངས་ངལ་རྩོལ་པའི་ལས་ཞུགས་གཞི་ཁྱོན་མི་འབུམ་གཅིག་དང་ཁྲི་བདུན་ལ་སླེབས་པ་དང་། མི་རེའི་ལོ་རེའི་ཆ་སྙོམས་ཀྱི་ངལ་རྩོལ་ཡོང་སྒོ་སྒོར་སྟོང་དྲུག་ལས་བརྒལ།

ཉེ་བའི་ལོ་འགའི་རིང་ལ། རང་ཞིང་གིས་ལས་ཞུགས་སྲིད་ཇུས་དབུལ་སྐྱོར་ཐད་སྤྱོད་པ་རྒྱུན་འཁྱོངས་བྱས་པ་དང་། ཡུལ་གཞན་གནས་སྤོར་ལས་ཞུགས་རོགས་སྐྱོར་དང་དབུལ་སྐྱོར་སྤྱི་ཕན་རང་བཞིན་ལས་རྐང་། ངལ་རྩོལ་བར་ཁེ་བའི་སྣེ་ཁྲིད་ལ་སྐུལ་སློང་གཏོང་བ། ཁེ་ལས་ཀྱི་ནང་འགུག འཐེན་ཐུག་ཐོན་ལས་འཕེལ་རྒྱས་སུ་གཏོང་བ་སོགས་ཀྱི་སྲིད་ཇུས་བྱེད་ཐབས་རབ་དང་རིམ་པ་གཏན་འབེབས་བྱས་ཏེ། ཤུགས་ཡོད་ཀྱི་སྲིད་ཇུས་མ་ལག་གྲུབ་པར་བྱས། ལྷག་པར་དུ་ད་ལོར། རིམས་ནད་ཀྱི་གནོད་པར་ཁ་གཏད་འཇལ་ཆེད། རང་ཞིང་གིས་ལས་ཞུགས་དབུལ་སྐྱོར་དང་གཏན་འཇགས་དྲུག་དང་འགན་སྲུང་དྲུག་ལག་བསྟར་བཅས་མཉམ་དུ་བཀོད་སྒྲིག་དང་ལག་བསྟར་བྱས་པ་དང་། རིམས་ནད་ཀྱི་གནོད་པ་ཐེབས་པའི་དབུལ་ཕོངས་ངལ་རྩོལ་པའི་ལས་ཞུགས་ལ་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་བྱེད་ཐབས་སྣ་ཚོགས་ཕྱིར་བཏོན་ནས། དབུལ་ཕོངས་ངལ་རྩོལ་པ་གཏན་འཇགས་ངང་དབུལ་ཐར་བྱེད་པའི་ཐད་རྨང་གཞི་བཏིངས། 

གཅིག་གྱུར་བཀོད་སྒྲིག་ནན་མོ་བྱེད་པ་དང་། ལས་ཞུགས་དབུལ་སྐྱོར་གྱི་ཆེད་དོན་འགུལ་སྐྱོད་སྤེལ་བ། ལས་ཞུགས་དབུལ་སྐྱོར་གྱི་རྗེས་མཐུད་སྲ་བརྟན་མཐོར་འདེགས་ཇུས་གཞི་གཏན་འབེབས་བྱས་ཏེ། ས་ཆ་སོ་སོའི་ལས་ཞུགས་དབུལ་སྐྱོར་བྱ་བ་ཕན་ཡོད་པའི་སྒོ་ནས་ལག་བསྟར་བྱེད་པར་སྐུལ་འདེད་བཏང་། དབུལ་ཕོངས་ངལ་རྩོལ་པའི་ལས་ཞུགས་འདོད་བློ་དང་ལས་ཞུགས་གནས་ཚུལ་སོགས་ཀྱི་བརྟག་བཤེར་ཞིབ་འཇུག་སྤེལ་བ་དང་། དབུལ་ཕོངས་ངལ་རྩོལ་པའི་ཡུལ་གཞན་ལས་ཞུགས་དང་ལས་ཞུགས་འདོད་བློ། ཞིང་ཆེན་བརྒལ་ནས་ལས་ཞུགས་བྱས་པའི་མི་སྣ་དང་དབུལ་ཐར་ཁྱིམ་ཚང་གི་ད་ལྟའི་གནས་བབ་དང་ལས་ཞུགས་དགོས་མཁོ་བཅས་ཀྱི་གསལ་ཁྲ་བཙུགས་ནས། ཚད་མཐའ་མཐིལ་རྟོགས་བྱེད་པའི་ཐད་ཤུགས་བཏོན། 

དེ་དང་མཉམ་དུ། དཔྱིད་རླུང་འགུལ་སྐྱོད་དང་ལས་ཞུགས་རོགས་སྐྱོར་ཟླ། ཉིན་བརྒྱ་ཁྲི་ཕྲག་དྲ་རྒྱ་མི་བསྡུ་དང་ཡུལ་གཞན་གནས་སྤོར་ལས་ཞུགས་རོགས་སྐྱོར་སོགས་དྲ་ཐོག་དང་ཡུལ་དངོས་ལས་ཞུགས་ཞབས་ཞུ་ཞང་དང་གྲོང་རྡལ་དང་། སྡེ་བ་རུ་རྒྱུན་བསྲིང་ནས། ལས་ཞུགས་རོགས་སྐྱོར་སྤེལ་བ་དང་། དབུལ་ཕོངས་ངལ་རྩོལ་པ་ཕྱིར་སོང་ནས་ལས་ཞུགས་བྱེད་པར་སྐུལ་སློང་དང་རོགས་རམ་བྱས་པ་དང་། ངལ་རྩོལ་ཡོང་སྒོ་ཇེ་མང་དུ་བཏང་། ལོ་རེར་ཞིང་ཆེན་ཡོངས་སུ་རིགས་མི་འདྲ་བའི་ཆེད་དོན་ཞབས་ཞུ་བྱ་འགུལ་སུམ་བརྒྱ་ལྷག་སྤེལ་བ་དང་། མི་འབུམ་བརྒྱད་ཙམ་ལ་ལས་ཞུགས་ཞབས་ཞུ་འདོན་སྤྲོད་བྱས།

ལོ་ཙཱ་བ། རིན་ཆེན་མཚོ།