རང་ཞིང་གིས་ནད་ཚབས་ཆེན་བྱུང་ཡོད་པའི་དབུལ་ཕོངས་ནད་པ་སྐྱོབ་བཅོས་བྱས་ཚད་བརྒྱ་ཆའི་བརྒྱ་ལ་སླེབས།
2020.11.24 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 55

མིག་སྔར། གསར་འགོད་པས་རོང་འབྲོག་ཁུལ་གྱི་དབུལ་ཕོངས་མི་གྲངས་ཀྱི་ནད་ཚབས་ཆེན་ཆེད་དོན་བཅོས་སྐྱོང་བྱས་པའི་གནས་ཚུལ་གྱི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་རྒྱུས་ལོན་བྱུང་བ་ལྟར་ན། ཉེ་བའི་ལོ་འགའི་རིང་།   དབུལ་ཐར་མཁྲེགས་གཏོར་འཐབ་འཛིང་ལ་རྒྱལ་ཁ་ལེན་པ་དང་ཞིང་ཆེན་ཡོངས་ཀྱི་རོང་འབྲོག་ཁུལ་གྱི་ཡིག་ཚགས་ལས་ཏེ་བྱང་བུ་བྱིན་པའི་དབུལ་ཕོངས་ནད་པ་དག་གི་ཁུར་བོ་ཇེ་ཡང་དུ་གཏོང་བར་རོགས་འདེགས་བྱེད་ཆེད།   ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གིས་དབུལ་ཕོངས་མི་གྲངས་ཀྱི་ནད་ཚབས་ཆེན་གྱི་སྨན་བཅོས་རོགས་སྐྱོབ་བྱ་བར་རྒྱུན་མཐུད་ནས་ཤུགས་བསྣན་ཏེ་ཞིང་ཆེན་ཡོངས་ཀྱི་དབུལ་ཕོངས་མང་ཚོགས་ཀྱི་ནད་ཚབས་ཆེན་སྐྱོབ་བཅོས་བྱས་ཚད་བརྒྱ་ཆའི་བརྒྱ་ལ་སླེབས།

རྒྱུས་ལོན་བྱུང་བ་ལྟར་ན།  དབུལ་ཕོངས་མི་གྲངས་ཀྱི་ནད་ཚབས་ཆེན་སྐྱོབ་བཅོས་སྲིད་ཇུས་རྒྱུན་ཆད་མེད་པར་འཐུས་ཚང་དུ་གཏོང་ཆེད། མཚོ་སྔོན་ཞིང་ཆེན་གྱིས་ནད་རིགས་འགན་སྲུང་བྱེད་ཚད་ཇེ་མང་དུ་གཏོང་བ་དང་ཁེབས་ཚད་ཇེ་ཆེར་གཏོང་བའི་རྨང་གཞིའི་སྟེང་།  དམངས་སྲིད་དང་སྨན་བཅོས་འགན་སྲུང་སོགས་སྡེ་ཁག་དང་མཉམ་འབྲེལ་གྱིས་ནད་ཚབས་ཆེན་གྱི་སྐྱོབ་བཅོས་དོ་དམ་བྱ་བར་ཤུགས་བསྣན།  ཡིག་ཚགས་ལས་ཏེ་བྱང་བུ་བྱིན་པའི་དབུལ་ཕོངས་ཁྱིམ་ཚང་གི་ནད་ཚབས་ཆེན་གྱི་སྨན་བཅོས་འགན་སྲུང་ཁྱབ་ཁོངས་ནང་གི་ཞག་སྡོད་སྨན་བཅོས་བྱས་པའི་སྨན་རིན་སྤྲོད་ཚད་ཇེ་དམར་གཏོང་བ་སོགས་སྲིད་ཇུས་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་པ་དང་།  སྔོན་ལ་ཞག་སྡོད་སྨན་བཅོས་བྱེད་པ་དང་རྗེས་ནས་སྨན་རིན་རྩིས་རྒྱག་པའི་ལམ་ལུགས་སོགས་དོན་འཁྱོལ་ནན་མོ་བྱས་པར་མ་ཟད།   གཞི་རྩའི་སྨན་བཅོས་འགན་སྲུང་དང་སྨན་བཅོས་རོགས་སྐྱོབ་སོགས་ལམ་ལུགས་ཀྱི་སྦྲེལ་མཐུད་འགན་སྲུང་བྱེད་ནུས་འདོན་སྤེལ་གང་ལེགས་བྱས་ཏེ་ཚད་ཆེས་ཆེ་བའི་སྒོ་ནས་དབུལ་ཕོངས་མང་ཚོགས་ཀྱི་སྨན་བཅོས་ཁུར་བོ་ཇེ་ཡང་དུ་བཏང་།   རིམ་པ་དང་རིགས་བགར་བ་དང་སྤུས་ཚད་ལ་འགན་སྲུང་བྱེད་པ།  ནད་པར་སྟབས་བདེ་བཟོ་བ།  དོ་དམ་ཚད་ལྡན་དུ་གཏོང་བ་བཅས་ཀྱི་བླང་བྱ་གཞིར་བཟུང་ནས་ཞིང་ཆེན་མི་དམངས་སྨན་ཁང་དང་མཚོ་སྔོན་སློབ་ཆེན་ཁོངས་གཏོགས་སྨན་ཁང་།  ཞིང་ཆེན་བུད་མེད་དང་བྱིས་པའི་སྨན་ཁང་།  ཞིང་ཆེན་མི་དམངས་སྨན་ཁང་བཞི་བ་སོགས་ནད་རིགས་ཚབས་ཆེན་སྐྱོབ་བཅོས་ཀྱི་ངེས་གཏན་སྨན་ཁང་དུ་གཏན་ཁེལ་བྱས།

དེ་དང་མཉམ་དུ།  འགོ་ཁྲིད་མཐུན་སྦྱོར་ནང་རྐྱེན་འཛུགས་སྐྲུན་དང་འཐུས་ཚང་དུ་གཏོང་བ་དང་།  རོང་འབྲོག་ཁུལ་གྱི་དབུལ་ཕོངས་མང་ཚོགས་ཀྱི་ནད་ཚབས་ཆེན་ཆེད་དོན་སྐྱོབ་བཅོས་སྲིད་ཇུས་འཐུས་ཚང་དུ་གཏོང་བར་སྐུལ་འདེད་གཏོང་བ།   གཞི་རིམ་སྨན་བཅོས་འཕྲོད་བསྟེན་སྡེ་ཁག་དང་སྡེ་སྡོད་ལས་བྱེད་པས་མིང་རྟགས་འགོད་པའི་བྱེད་ཐབས་བརྒྱུད་དེ། ནད་ཚབས་ཆེན་ཆེད་དོན་སྐྱོབ་བཅོས་བྱ་བའི་འབྲེལ་ཡོད་སྲིད་ཇུས་སྒྲོག་འགྲེལ་བྱས་ཏེ།  ནད་ཚབས་ཆེན་ཕོག་ཡོད་པའི་ནད་པ་དག་གི་སྨན་བཅོས་བྱེད་པའི་རང་འགུལ་རང་བཞིན་ཇེ་དྲག་ཏུ་བཏང་།  ཟླ་བཅུ་བའི་ཚེས་སོ་གཅིག་ཉིན་བར་དུ། ཞིང་ཆེན་ཡོངས་སུ་བསྡོམས་པས་ནད་པ་ཁྲི་གཉིས་དང་སྟོང་གསུམ་སུམ་བརྒྱར་སྨན་བཅོས་བྱས་པ་དང་།  སྨན་བཅོས་བྱས་ཚད་བརྒྱ་ཆའི་བརྒྱ་ལ་སླེབས་ནས།  ཡིག་ཚགས་ལས་ཏེ་བྱང་བུ་བྱིན་པའི་དབུལ་ཕོངས་མང་ཚོགས་ཀྱི་ནད་རིགས་ཚབས་ཆེན་སོ་ལྔའི་སྨན་བཅོས་བྱེད་ཚད་ཁྱོན་ཡོངས་ལ་ཁེབས་པ་དང་སྐྱོབ་བཅོས་བྱེད་ཐུབ་ཚད་སྐྱོབ་བཅོས་བྱེད་པའི་དམིགས་འབེན་མངོན་འགྱུར་བྱས་པ་དང་། དབུལ་ཕོངས་མང་ཚོགས་ཀྱི་ཞག་སྡོད་སྨན་རིན་དངོས་སུ་རྩིས་སྤྲོད་བྱས་པའི་བསྡུར་ཚད་བརྒྱ་ཆའི་གོ་གཅིག་དང་གྲངས་ཆུང་གཉིས་བརྒྱད་ལ་སླེབས།

                                                                                                                                 ལོ་ཙཱ་བ་ལྷ་མོ་ཚེ་རིང་།