རང་ཞིང་གི་ངལ་རྩོལ་དཔེ་ལེགས་ཅན་དང་སྔོན་ཐོན་བྱ་བ་བསྒྲུབས་མཁན་ལ་པེ་ཅིན་ནས་གཟེངས་རྟགས་ཕུལ། 
2020.11.25 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 35

ཟླ་བཅུ་གཅིག་པའི་ཚེས་ཉེར་བཞི་ཉིན་གྱི་སྔ་དྲོར། རྒྱལ་ཡོངས་ངལ་རྩོལ་དཔེ་ལེགས་ཅན་དང་སྔོན་ཐོན་བྱ་བ་བསྒྲུབས་མཁན་ལ་གཟེངས་རྟགས་འབུལ་བའི་ཚོགས་ཆེན་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་གཟབ་རྒྱས་ངང་བསྡུས། རྒྱལ་ཡོངས་ཀྱི་ངལ་རྩོལ་དཔེ་ལེགས་ཅན་སྟོང་གཅིག་དྲུག་བརྒྱ་གྱ་དགུ་དང་སྔོན་ཐོན་བྱ་བ་བསྒྲུངས་མཁན་བརྒྱད་བརྒྱ་དང་བཞི་པེ་ཅིན་དུ་འཚོགས་ཏེ་ཏང་དང་རྒྱལ་ཁབ་ཀྱིས་བསྩལ་བའི་ངལ་རྩོལ་པའི་ཆེས་མཐོའི་བསྟོད་བསྔགས་དང་ལེན་བྱས་པ་དང་རང་ཞིང་གི་ངལ་རྩོལ་དཔེ་ལེགས་ཅན་དང་སྔོན་ཐོན་བྱ་བ་བསྒྲུབས་མཁན་སོ་ལྔ་ལ་གཟེངས་རྟགས་ཐོབ།

རྒྱུས་ལོན་བྱུང་བ་ལྟར་ན།  ཉིས་སྟོང་ཉི་ཤུ་ལའི་རང་ཞིང་གི་རྒྱལ་ཡོངས་ངལ་རྩོལ་དཔེ་ལེགས་ཅན་དང་སྔོན་ཐོན་བྱ་བ་བསྒྲུབས་མཁན་གྱི་གཟེངས་རྟགས་ཐོབ་མཁན་སོ་ལྔ་ནི་མཚོ་སྔོན་ཞིང་ཆེན་གྱི་དཔལ་འབྱོར་དང་ཆབ་སྲིད། རིག་གནས། སྤྱི་ཚོགས། སྐྱེ་ཁམས་དཔལ་ཡོན་འཛུགས་བསྐྲུན་དང་ཏང་གི་འཛུགས་བསྐྲུན་སོགས་ཀྱི་ཐད་ལ་བྱས་རྗེས་འབུར་ཐོན་བཞག་པའི་བཟོ་བ་དང་ཞིང་བ། དོ་དམ་པ། ཚན་རིག་དང་སློབ་གསོའི་ལས་ཀ་གཉེར་མཁན་གྱི་སྤྱི་ཚོགས་སྟེང་གི་རིམ་པ་སོ་སོའི་མི་སྣ་ཡིན།

རང་ཞིང་གིས་ཀྲུང་གུང་ཀྲུང་དབྱང་གཞུང་སྒྲུབ་ཐིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཁང་གི་ཉིས་སྟོང་ཉི་ཤུ་ལོའི་རྒྱལ་ཡོངས་ངལ་རྩོལ་དཔེ་ལེགས་ཅན་དང་སྔོན་ཐོན་བྱ་བ་བསྒྲུབས་མཁན་ལ་གཟེངས་རྟགས་དཔྱད་བསྡུར་འདེམ་བསྐོ་བྱ་བའི་བརྡ་སྦྱོར་གྱི་དགོངས་དོན་ལྟར། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་འགྱུར་མེད་འགོ་ཁྲིད་དང་སེམས་ཞིབ་མོས་རྩ་འཛུགས། མཐུན་སྦྱོར་ལ་ཤུགས་སྣོན་པ། དམངས་གཙོ་དར་སྤེལ་བྱས་ཏེ་རྒྱལ་ཡོངས་ངལ་རྩོལ་དཔེ་ལེགས་ཅན་དང་སྔོན་ཐོན་བྱ་བ་བསྒྲུབས་མཁན་གྱི་ངོ་སྤྲོད་དཔྱད་བསྡུར་འདེམས་བསྐོ་བྱ་བ་སྤུས་ཚད་མཐོན་པོས་ལེགས་འགྲུབ་བྱུང་།