ནང་ཆེན་རྫོང་གིས་བསམ་བློའི་དབུལ་ཐར་ལ་བརྟེན་ནས་དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དུ་བཏང་།
2020.12.16 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 40

ཟླ་བཅུ་གཉིས་པའི་ཚེས་བདུན་ཉིན། གསར་འགོད་པས་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ནང་ཆེན་རྫོང་མི་དམངས་སྲིད་གཞུང་ནས་རྒྱུས་ལོན་བྱུང་བ་ལྟར་ན། ད་ལོར། ནང་ཆེན་རྫོང་གིས་ཕྱིར་དབུལ་བོར་འགྱུར་བའི་གནད་དོན་ཐག་གཅོད་པ་དང་། སློབ་གསོ་གསོ་སྦྱོང་དང་དམངས་ཕན་སྲིད་ཇུས། དཔེ་མཚོན་སྐྱེད་སྲིང་བྱེད་པ་བྱེད་ཐབས་སུ་བྱས་ཏེ། ལས་བྱེད་པ་དང་མང་ཚོགས་ཀྱི་རང་འགུལ་རང་བཞིན་དང་བརྩོན་སེམས། གསར་སྐྲུན་རང་བཞིན་ཆེར་བསྐྱེད་པ་དང་། མང་ཚོགས་ཀྱི་རང་བདག་དབུལ་ཐར་ནུས་པ་མཐོར་འདེགས་བྱས་ལ། བསམ་བློའི་དབུལ་ཐར་ལ་བརྟེན་ནས་དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དུ་བཏང་།

ཞིང་སྡེ་དར་སྤེལ་འཐབ་ཇུས་གྱི་རྩ་བ་དམ་འཛིན་བྱེད་པ་དང་། རོང་འབྲོག་མང་ཚོགས་ཀྱི་འཚོ་བ་ཇེ་བཟང་དུ་གཏོང་བ་སོགས་ཀྱི་ཆེད་དོན་འཆད་ཁྲིད་བསྡུས་པ་བརྒྱུད་དེ། རོང་འབྲོག་ཁུལ་གྱི་ཏང་ཡོན་གྱིས་ཏང་གཤིས་བློ་སྦྱོང་ཇེ་དྲག་ཏུ་གཏོང་བར་རོགས་རམ་བྱས་པ་དང་། ཕྱུག་བསྒྱུར་དང་སྣེ་ཁྲིད་ཀྱི་ནུས་པ་མཐོར་འདེགས་བཏང་། མིག་སྔར་བར་དུ། རོང་འབྲོག་མང་ཚོགས་ཀྱི་ཏང་ཡོན་གྱི་དཔྱིད་དགུན་རེས་སྐོར་གསོ་སྦྱོང་མི་གྲངས་སྟོང་གཅིག་དང་སུམ་བརྒྱ་བརྒྱད་ཅུ་ལ་སླེབས། རོང་འབྲོག་མང་ཚོགས་ཀྱི་ཆེད་ལས་ཅན་གྱི་རྩལ་ནུས་གསོ་སྦྱོང་བསྡུས་ནས། སྐྲ་བཞར་བ་དང་ཚེམ་བཟོ་བ། ཇ་མ། ལག་བཟོ་སྒྱུ་རྩལ་སྒྲིག་བཟོ་སོགས་ཐད་ཀྱི་རྩལ་ནུས་གསོ་སྦྱོང་བསྡུས་ནས། རོང་འབྲོག་མང་ཚོགས་ཀྱི་ངལ་རྩོལ་རྩལ་ནུས་དང་རང་ཉིད་འཕེལ་རྒྱས་ནུས་པ་མཐོར་འདེགས་བཏང་བ་དང་། མི་གཅིག་ལ་གསོ་སྦྱོང་བྱེད་པ་དང་མི་གཅིག་གི་ལས་ཞུགས་ཐག་གཅོད་པ། ཁྱིམ་ཚང་གཅིག་དབུལ་ཐར་བྱེད་པའི་དམིགས་འབེན་མངོན་འགྱུར་བྱས།

ནང་ཆེན་རྫོང་གིས་ད་དུང་སྦྲ་གུར་སྒྲོག་འགྲེལ་ཁང་དང་འཕྲུལ་རྟའི་དྲིལ་སྒྲོག་རུ་ཁག སྲང་ལམ་འཆད་ཁྲིད་སོགས་རྣམ་པ་མང་པོ་བརྒྱུད་དེ། གཞི་རིམ་གཞིས་ཁུལ་དང་ཞིང་ཁར་སོང་ནས་ཏང་གི་སྲིད་ཇུས་སྒྲོག་འགྲེལ་ཐེངས་དོན་དགུ་བྱས་པ་དང་། བོད་ཡིག་གི་སྲིད་ཇུས་སྒྲོག་འགྲེལ་བྱང་བུ་སྟོང་ལྔ་བཀྲམས་ནས། མང་ཚོགས་ཀྱིས་སྲིད་ཇུས་ལ་རྒྱུས་ལོན་བྱེད་དུ་བཅུག་པ་དང་། རོང་འབྲོག་མང་ཚོགས་ཀྱི་རྒྱུས་ལོན་ཚད་དང་བདེ་སྐྱིད་ཚོར་བ་ཇེ་མཐོར་བཏང་། དཔལ་ཡོན་སྡེ་བ་དང་གྲོང་རྡལ་དང་སྐར་ལྔའི་རིམ་པའི་དཔལ་ཡོན་ཁྱིམ་ཚང་སོགས་རིགས་མི་འདྲ་བའི་འཛུགས་སྐྲུན་དཔྱད་འདེམ་བྱ་འགུལ་སྤེལ་ནས། མིག་སྔའི་བར་དུ། ནང་ཆེན་རྫོང་དུ་བསྡོམས་པས་སྐར་ལྔའི་རིམ་པའི་དཔལ་ཡོན་ཁྱིམ་ཚང་ཁྲི་གཅིག་དང་སུམ་བརྒྱ་ཞེ་ལྔ་ཡོད་པ་དང་། བདམས་ཐོན་བྱུང་བའི་དཔེ་མཚོན་ལ། ཞིང་ལས་དངུལ་ཁང་དང་སྦྲགས་སྲིད་དངུལ་གསོག་དངུལ་ཁབ་སོགས་ལས་ཁུངས་སུ་ལྗང་མདོག་ལམ་བུ་ཕྱེས་ནས། སྐྱེད་ཀ་ཉུང་བའི་ཡིད་རྟོན་དངུལ་བུན་བྱིན་པ་དང་། རྒྱ་ཆེའི་མང་ཚོགས་ཀྱི་རང་ཚུགས་རང་སྤེལ་གྱི་བསམ་བློ་འདུ་ཤེས་ཇེ་བརྟན་དུ་གཏོང་བར་སྣེ་ཁྲིད་བྱས།

ལོ་ཙཱ་བ། རིན་ཆེན་མཚོ།