བསྟུད་མར་ཉིན་འགའི་རིང་ལ། ཀྲུའུ་ཞི་ཞི་ཅིན་ཕིང་གི་ལོ་སར་ཤིས་ཚིག་ལ་རང་ཞིང་གི་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཁྲོད་དུ་ཚུར་སྣང་ཆེན་པོ་ཐོབ། ཚང་མས་བསྟན་དོན། ལོ་སར་ཤིས་ཚིག་གི་དགོངས་པ་སྒུལ་ཤུགས་ཆེན་པོ་ལྡན་ལ། མི་ལ་སྐུལ་ལྕག་ཐེབས་པར་བྱེད་ཐུབ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་ལས་མཐུན་སྒྲིལ་དམ་ཟབ་བྱེད་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེང་བ། བློ་བརྟན་འགྱུར་མེད་ཀྱིས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་ལག་བསྟར་བྱས་ནས། འཐབ་ལམ་གསར་བར་ཞུགས་པ་དང་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པའི་ཐད་བྱས་རྗེས་གསར་བ་འཇོག་རྒྱུའི་བསམ་ཚུལ་བསྟན།
ཞིང་ཆེན་ནགས་ལས་དང་རྩྭ་ས་ཅུའུ་ཡི་ཏང་ཙུའུ་ཧྲུའུ་ཅི། ཅུའུ་ཀྲང་ལིས་ཞོ་ནན་གྱིས་བཤད་རྒྱུར། ལོ་གཅིག་རིང་ལ། ཞིང་ཆེན་ཡོངས་ཀྱི་ནགས་རྩྭ་ལས་ཁུངས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་ཟབ་མོ་བྱས་པ་དང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཇུས་ཆོད་བཀོད་སྒྲིག་ཁྱོན་ཡོངས་ནས་ལག་བསྟར་བྱས་ལ། རྒྱལ་ཁབ་སྤྱི་གླིང་གི་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་བྱེད་པ་དེ་སྣེ་ཁྲིད་དུ་བྱས་ནས། བྱ་བ་སྣ་ཚོགས་ལ་གཅིག་གྱུར་འཆར་འགོད་དང་བཟང་བོར་བསྒྲུབས་པས། པྲོག་གསར་གློ་ཚད་འགོག་བཅོས་དང་ནགས་རྩྭ་བཅོས་བསྒྱུར་འཕེལ་རྒྱས་ཐད་ནས་རྒྱལ་ཁ་བླངས་པ་དང་། ལོ་ལྔའི་འཆར་འགོད་བཅུ་གསུམ་པའི་མཇུག་བཟང་བོ་བསྒྲིལ་ལ། སྤུས་ཚད་མཐོན་པོས་འཕེལ་རྒྱས་དེ་ཆུ་ཚད་གསར་བ་ཞིག་ཏུ་སླེབས།
ཀྲུའུ་ཞི་ཞི་ཅིན་ཕིང་གི་ལོ་སར་ཤིས་ཚིག་ལ་ཉན་རྗེས། ཞིང་ཆེན་ལས་ཞུགས་ཞབས་ཞུ་ཕྱོགས་བསྡུས་པུའུ་ཡི་པུའུ་ཀྲང་ཀྲོའོ་ཀུའོ་ཚེ་ཡིས་བཤད་རྒྱུར། 2020ལོ་ནི་སྤྱིར་བཏང་མིན་པའི་ལོ་ཞིག་ཡིན་ལ། འགྲན་རྩོད་དང་ཉེན་ཁའི་ཁྲོད་སྦྱོང་བརྡར་དང་ཉམས་སད་ཐེག་པའི་ལོ་ཞིག་ཡིན། རིམས་ནད་བྱུང་བའི་སྐབས་སུ། ང་ཚོས་ཞིང་ཆེན་ཡོངས་ཀྱི་ལས་ཐོན་སླར་གསོའི་གནས་ཚུལ་ལ་དམ་དུ་དམིགས་ནས། འགན་འཁྲི་ཁག་ཁུར་ཇེ་དྲག་ཏུ་བཏང་བ་དང་། རང་འགུལ་གྱིས་ཞབས་འདེགས་ཞུས་ལ། ལས་ཞུགས་གཏན་འཇགས་ཀྱི་སྐྱེལ་བ་བཞིའི་ཆེད་དོན་འགུལ་སྐྱོད་རྒྱུན་མཐུད་ངང་སྤེལ་བ་དང་ཁེ་ལས་གཙོ་བོའི་མི་བཀོལ་ལ་འགན་སྲུང་བྱེད་པ། ཞིང་བ་ཞོར་ལས་པ་གོ་རིམ་ལྡན་པའི་སྒོ་ནས་ཕྱིར་ལས་རྐང་སྟེང་ཞུགས་པར་རྩ་འཛུགས་བྱེད་པ་སོགས་ཀྱི་ཕན་ཡོད་བྱེད་ཐབས་བརྒྱུད་དེ། མཐོ་རིམ་སློབ་ཆེན་གྱི་མཐར་ཕྱིན་སློབ་མ་དང་ཞིང་བ་ཞོར་ལས་པ། དབུལ་ཕོངས་ངལ་རྩོལ་པ་སོགས་མི་ཚོགས་གཙོ་བོའི་ལས་ཞུགས་ལ་ཁག་ཐེག་བྱས་པ་དང་། ཞིང་ཆེན་ཡོངས་ཀྱི་ལས་ཞུགས་གནས་བབ་རྒྱུན་མཐུད་དང་གཏན་འཇགས་ངང་ཇེ་བཟང་དུ་འགྲོ་བར་སྐུལ་འདེད་བཏང་།
ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིན་གྱི་སྤྱིའི་ལག་རྩལ་པ་ཀྲང་ཡོན་གྱིས་བཤད་རྒྱུར། ཀྲུའུ་ཞི་ཞི་ཅིན་ཕིང་གི་ཤིས་ཚིག་ནང་ཆེད་དུ་འབྲུ་རིགས་ཐོན་སྐྱེད་གླེང་ཡོད་ལ། དེ་ནི་ང་ཚོ་ཞིང་ལས་བྱ་བ་སྒྲུབ་མཁན་ཚོའི་ང་རྒྱལ་ཡིན་ལ། འགན་འཁྲི་ཧ་ཅང་ལྕི་བའི་ཚོར་སྣང་ཡང་བྱིན་སོང་། གཞི་རིམ་གྱི་ཞིང་ལས་བྱ་བ་སྒྲུབ་མཁན་ཞིག་ཡིན་པའི་ཆ་ནས། ལོ་གསར་བའི་ནང་ང་ཚོས་མུ་མཐུད་དུ་ཚན་རྩལ་འགག་གཏོར་ལ་ཤུགས་སྣོན་པ་དང་། ཞིང་ལས་ཐོན་སྐྱེད་དང་ཞིང་ལས་ཐད་ཀྱི་ཞན་ཆ་ཁ་གསབ་བྱེད་པ། ཞིང་བའི་ཡོང་སྒོ་ཇེ་མང་དུ་གཏོང་བ་དང་ཞིང་ལས་ཀྱི་ཕན་འབྲས་ཇེ་མཐོར་གཏོང་བར་འབད་འཐབ་བྱས་ཏེ། རང་ཞིང་གི་འབྲུ་རིགས་ཐོན་སྐྱེད་ཐད་སྟོབས་ཤུགས་འབུལ་རྒྱུ་ཡིན།
ཞིང་ཆེན་དབུལ་སྐྱོར་ཅུའུ་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་གཞོན་པ་མཱ་ཅིན་ཡོན་གྱིས་བཤད་རྒྱུར། ཀྲུའུ་ཞི་ཞི་ཅིན་ཕིང་གི་ལོ་སར་ཤིས་ཚིག་ནང་རྒྱ་ཆེའི་དབུལ་སྐྱོར་ལས་བྱེད་པའི་བྱས་རྗེས་དམིགས་སུ་བཀར་ནས་གླེང་ཡོད་པ་དང་། དེས་ང་ཚོའི་བརྩོན་སེམས་སྔར་ལས་ཆེ་རུ་བསྐྱེད་སོང་། རྗེས་ཕྱོགས་ང་ཚོས་མུ་མཐུད་དུ་དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་དང་ཞིང་སྡེ་དར་སྤེལ་གཉིས་སྦྲེལ་མཐུད་བཟང་བོ་བྱེད་པ་དང་། ཕྱིར་དབུལ་བོར་འགྱུར་སླ་བའི་མི་གྲངས་ལ་རྒྱུན་རྣམ་རང་བཞིན་གྱི་ལྟ་ཞིབ་ལག་བསྟར་བྱེད་པ་མ་ཟད། དབུལ་ཕོངས་ཀྱི་ཡུན་ཕན་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ། ཐོན་ལས་འཕེལ་རྒྱས་དང་ལས་རྐང་དང་ལས་ཞུགས་གཏན་འཇགས་སུ་གཏོང་བ། སློབ་གསོ་སྨན་བཅོས་དང་རྨང་གཞི་སྒྲིག་ཆས་སོགས་མང་ཚོགས་ཀྱིས་སེམས་ཁུར་བྱེད་པའི་གནད་དོན་དང་དཀའ་གནད་ལ་དམིགས་ནས། ཞིང་སྡེ་དར་སྤེལ་གྱི་མཛེས་སྡུག་པར་རིས་འབྲི་དགོས།
ལོ་ཙཱ་བ། རིན་ཆེན་མཚོ།