ལོ་ལྔའི་འཆར་འགོད་བཅུ་གསུམ་པའི་སྐབས་སུ་རང་ཞིང་གིས་སློབ་གསོ་འཕེལ་རྒྱས་ཐད་མ་དངུལ་སྒོར་ཐེར་ཆེན་བདུན་དང་ཐེར་འབུམ་བདུན་དུས་ཕྱུར་དགུ་བཏང་།
2021.01.06 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 39

ཉེ་ལམ།   གསར་འགོད་པས་ཞིང་ཆེན་ནོར་སྲིད་ཐིན་ནས་རྒྱུས་ལོན་བྱུང་བ་ལྟར་ན།  ལོ་ལྔའི་འཆར་འགོད་བཅུ་གསུམ་པའི་སྐབས་སུ།  ཞིང་ཆེན་ནོར་སྲིད་ཐིན་གྱིས་ཐོག་མཐའ་བར་གསུམ་དུ་རིགས་སོ་སོའི་སློབ་གྲྭའི་མཐུན་སྦྱོར་འཕེལ་རྒྱས་ལ་འགན་སྲུང་བྱེད་རྒྱུ་རྒྱུན་འཁྱོངས་བྱས་པ་དང་།   དངུལ་གཏོང་སྒྲིག་གཞི་རྒྱུན་མཐུད་ཀྱིས་ལེགས་བཅོས་བྱས་ལ།   དངུལ་གཏོང་ཤུགས་ཚད་ཆེ་རུ་བཏང་།  ལོ་ལྔའི་རིང་ལ།  ཞིང་ཆེན་ཡོངས་ཀྱི་སློབ་གསོ་འཕེལ་རྒྱས་ཐད་མ་དངུལ་སྒོར་ཐེར་ཆེན་བདུན་དང་ཐེར་འབུམ་བདུན་དུང་ཕྱུར་དགུ་བཏང་བ་དང་། ལོ་རེར་ཆ་སྙོམས་ཀྱིས་བརྒྱ་ཆའི་དྲུག་དང་གྲངས་ཆུང་དྲུག་འཕར་ནས་ཞིང་ཆེན་ཡོངས་ཀྱི་སློབ་གསོའི་ལས་དོན་མགྱོགས་མྱུར་དང་བདེ་ཐང་ངང་འཕེལ་རྒྱས་འགྲོ་བར་ནུས་ཡོད་སྒོས་སྐུལ་འདེད་བཏང་།

ལོ་ལྔའི་འཆར་འགོད་བཅུ་གསུམ་པའི་སྐབས་སུ།  མཚོ་སྔོན་ཞིང་ཆེན་གྱིས་མཁར་གྲོང་གི་འོས་འགན་སློབ་གསོའི་འགྲོ་སོང་འགན་སྲུང་ནང་རྐྱེན་འཐུས་ཚང་དུ་བཏང་བ་དང་།   སློབ་སྔོན་སློབ་གསོ་ནས་མཐོ་རིམ་སློབ་གསོའི་བར་གྱི་རིམ་པ་སོ་སོའི་སློབ་མ་དག་གི་རོགས་སྐྱོར་སྲིད་ཇུས་དོན་འཁྱོལ་བྱས་ཏེ་ལོ་རེར་སློབ་མ་འབུམ་དགུ་ལྷག་ལ་ཕན་བཏགས།   དུས་སྐབས་གཉིས་ཀྱི་སློབ་སྔོན་སློབ་གསོའི་ལོ་གསུམ་འགུལ་སྐྱོད་འཆར་གཞིར་རྒྱབ་སྐྱོར་བྱས་པ་དང་།   འོས་འགན་སློབ་གསོའི་ཉམས་ཞན་ས་ལེགས་བཅོས་དང་ནུས་ཤུགས་མཐོར་འདེགས་བཟོ་སྐྲུན་ལག་བསྟར་བྱས་ལ།   མཐོ་འབྲིང་དཀྱུས་མའི་མཁྲེགས་གཏོར་འཆར་གཞིར་སྐུལ་འདེད་བཏང་བར་མ་ཟད།   སློབ་གསོའི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་རྒྱུན་མཐུད་འཐུས་ཚང་དུ་བཏང་སྟེ་མི་དམངས་མང་ཚོགས་ཀྱི་སློབ་གསོའི་ཐད་ཀྱི་ཡིད་ཚིམས་ཚད་དང་ཐོབ་ཚོར་མངོན་གསལ་གྱིས་ཇེ་དྲག་ཏུ་བཏང་།

ལོ་ལྔའི་རིང་ལ།   རང་ཞིང་གི་ལས་རིགས་དང་མཐོ་རིམ་སློབ་གསོ་མགྱོགས་མྱུར་གྱིས་འཕེལ་རྒྱས་བྱུང་བ་དང་།    ཟི་ལིང་དང་མཚོ་ཤར།   མཚོ་ནུབ་བཅས་སུ་ཕྱོགས་བསྡུས་རང་བཞིན་གྱི་མཐོ་རིམ་ལས་རིགས་ལག་རྩལ་སློབ་གླིང་གསུམ་གསར་འཛུགས་བྱས་ལ།    བོད་འབྲེལ་ཁུལ་དང་རྫོང་དུ་ཁུལ་གཅིག་ལ་སློབ་གྲྭ་གཅིག་འཛུགས་སྐྲུན་དང་།  ཞིང་ཆེན་རིམ་པའི་དཔེ་སྟོན་སློབ་གྲྭ་དང་ཁྱད་ལྡན་ཆེད་ལས་འཛུགས་སྐྲུན་ལ་སྐུལ་འདེད་བཏང་སྟེ་མཐོ་རིམ་སློབ་གྲྭའི་ཕྱོགས་བསྡུས་ནུས་པ་རྒྱུན་མཐུད་ཀྱིས་མཐོར་འདེགས་བཏང་།   དེ་དང་མཉམ་དུ།    རང་ཞིང་གིས་དགེ་རྒན་དཔུང་སྡེ་འཛུགས་སྐྲུན་བྱེད་རྒྱུ་དེ་སློབ་གསོའི་ཆུ་ཚད་ཇེ་མཐོར་གཏོང་བ་དང་།   སློབ་གསོའི་སྤུས་ཚད་མཐོར་འདེགས་གཏོང་བའི་རྨང་གཞིའི་བྱ་བར་བརྩིས་ནས་དམ་འཛིན་བྱས་པ་དང་།   རྒྱལ་ཁབ་ཀྱི་གསོ་སྐྱོང་དང་ཞིང་ཆེན་གྱི་གསོ་སྐྱོང་འཆར་གཞི་ལག་བསྟར་བྱས་ཏེ་རྒྱ་བོད་སྐད་གཉིས་ཀྱི་རིན་མི་ལེན་པར་དགེ་འོས་སློབ་མ་གསོ་སྐྱོང་བྱེད་པའི་ནང་རྐྱེན་བཙུགས།   དམིགས་བསལ་དགེ་རྒན་གྱི་རྒྱབ་སྐྱོར་འཆར་གཞི་ལག་བསྟར་བྱས་པ་དང་།   ཞིང་སྡེའི་དགེ་རྒན་གྱི་འཚོ་བའི་རོགས་སྐྱོར་ལམ་ལུགས་དོན་འཁྱོལ་བྱས་ལ།    མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མ་གཞི་རིམ་དུ་སོང་ནས་ལས་གཉེར་བྱེད་པར་སྣེ་ཁྲིད་དང་སྐུལ་སློང་བྱས་ཏེ་སློབ་གསོའི་སྤུས་ཚད་བརྟན་འཇགས་ངང་མཐོར་འདེགས་འགྲོ་བར་སྐུལ་འདེད་བཏང་།

ལོ་ཙཱ་བ།ལྷ་མོ་ཚེ་རིང་།