མཚོ་སྔོན་ཉེན་རྟོག་ཕྱོགས་ཀྱིས་ཚོང་རྟགས་གྲགས་ཅན་གྱི་ཨ་རག་རྫུན་མ་བཟོ་བ་དང་ཕྱིར་འཚོང་བྱེད་པའི་གྱོད་གཞི་ཆེན་པོ་ཞིག་རྩད་ཆོད།
2021.01.14 ཁུངས། མཚོ་སྔོན་་གསར་འགྱུར་དྲ་བ། ཀློག་གྲངས། 53

ཟླ་1པོའི་ཚེས་13ཉིན། མཚོ་སྔོན་ཞིང་ཆེན་སྤྱི་བདེ་ཐིན་གྱིས་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་བསྡུས་པ་དང་། ཟི་ལིང་གྲོང་ཁྱེར་སྤྱི་བདེ་ཅུའུ་ཡི་ཅུའུ་ཀྲང་གཞོན་པ་མཱ་རྟ་མགྲིན་གྱིས་བདུན་པའི་ཚེས་སོ་གཅིག་ཉིན་གྱི་ཚོང་རྟགས་གྲགས་ཅན་གྱི་ཨ་རག་རྫུན་མ་བཟོ་བ་དང་ཕྱིར་འཚོང་བྱེད་པའི་གྱོད་གཞི་ཆེན་པོ་ཞིག་རྩད་ཆོད་པའི་གནས་ཚུལ་ཁྱབ་བསྒྲགས་བྱས།

ཉེ་ཆར། ཟི་ལིང་གྲོང་ཁྱེར་སྤྱི་བདེ་ཅུའུ་མཁར་དབུས་ཡན་ལག་ཅུའུ་ཡིས་ཞིང་ཆེན་དང་གྲོང་ཁྱེར་རིམ་པ་གཉིས་ཀྱི་སྤྱི་བདེ་ལས་ཁུངས་ཀྱི་གཅིག་གྱུར་འཆར་འགོད་དང་མཐུན་སྦྱོར་བཀོད་འདོམས་འོག ལིན་ཆེ་གེ་མོ་སོགས་ཀྱིས་ཚོང་རྟགས་གྲགས་ཅན་གྱི་ཨ་རག་རྫུན་མ་བཟོ་བ་དང་ཕྱིར་འཚོང་བྱེད་པའི་གྱོད་གཞི་ཆེན་པོ་ཞིག་རྩད་ཆོད་པ་དང་། ཞིང་ཆེན་མང་པོ་དང་འབྲེལ་བ་ཡོད་པའི་རྫུན་བཟོ་རྫུན་འཚོང་གི་ཉེས་གསོག་ཚོགས་པ་ཆེན་པོ་ཞིག་མེད་པར་བཟོས་པར་མ་ཟད། ཉེས་གསོག་དོགས་ཅན་4འཛིན་བཟུང་བྱས་པ་དང་རྫུན་བཟོ་རྫུན་འཚོང་གི་ཚང་37མེད་པར་བཟོས་ལ། ཚོང་རྟགས་གྲགས་ཅན་གྱི་ཨ་རག་རྫུན་མ་ཤེལ་དམ་ཁྲི་གསུམ་དང་སྟོང་ལྔ་དང་། ཐོན་རྫས་ཕྱེད་ཙམ་ཏུན་25རྩད་ཆོད་པར་མ་ཟད། གྱོད་འབྲེལ་དངུལ་འབོར་སྒོར་དུང་ཕྱུར་1དང་བྱེ་བ7ལ་སླེབས་ཡོད་པ་རེད།

2020ལོའི་ཟླ་7པའི་ཚེས་31ཉིན། མཁས་དབུར་ཡན་ལག་ཅུའུ་ཡིས་ལིན་ཆེ་གེ་མོ་སོགས་ཀྱིས་ཚོང་རྟགས་རྫུན་མ་ཐོ་འགོད་བྱས་ཏེ་བཙོང་པའི་དོགས་གཞི་ཡོད་པའི་ཚོང་ཟོག་གྱོད་གཞིར་ཁྲིམས་ལྟར་གྱོད་དོན་ཐོ་འགོད་བྱས་ནས་མྱུལ་ཞིབ་བྱས། གྱོད་གཞི་དེ་ཚབས་ཆེན་དང་རྙོག་འཛིང་ཆེ་བ་དང་གྱོད་གཞི་དང་འབྲེལ་བ་ཡོད་པའི་མི་སྣ་མང་པོ་ཡོད་པས། མཁར་དབུས་ཡན་ལག་ཅུའུ་ཡིས་མགྱོགས་མྱུར་ངང་ཅུའུ་ཡི་འགོ་ཁྲིད་ཀྱིས་འགན་འཁུར་བའི་བྱ་བའི་ཆེད་མངགས་ཚན་ཆུང་བཙུགས་ནས་བྱ་བའི་ཇུས་གཞི་རྒྱུན་ཆད་མེད་པར་ཞིབ་ཚགས་དང་འཐུས་ཚང་དུ་བཏང་བ་དང་། ཉེས་དོན་མྱུལ་ཞིབ་དང་བདེ་འཇགས། ཁྲིམས་ལུགས་སོགས་ཉེན་རྟོག་པའི་སྟོབས་ཤུགས་བསྡུ་སྒྲིག་བྱས་ནས་མྱུལ་ཞིབ་དཔང་ལེན་དང་འཛིན་བཟུང་བྱ་བའི་ཐད་སྐུལ་འདེད་གཏིང་ཟབ་བཏང་།

ལོ་སར་ཐོན་ལ་ཉེ་བའི་སྐབས་སུ། དོགས་ཡོད་ཉེས་ཅན་ལིན་ཆེ་གེ་མོ་སོགས་ཀྱིས་ཨ་རག་རྫུན་མ་འབོར་ཆེན་ཟི་ལིང་གྲོང་ཁྱེར་དུ་བྲིན་ཚོང་བྱེད་རྩིས་ཡོད་པས། མང་ཚོགས་ཀྱི་རྩ་བའི་ཁེ་ཕན་ལ་གནོད་འཚེ་གཏོང་བའི་བྱས་ཉེས་དེ་རིགས་ལ་རྡུང་རྡེག་ཚ་ནན་གཏོང་བ་དང་། མཚོ་སྔོན་ཞིང་ཆེན་གྱི་ཨ་རག་འཛད་སྤྱོད་ཚོང་རའི་རྒྱུན་ལྡན་གྱི་སྒྲིག་ལམ་ལ་སྲུང་སྐྱོབ་ཧུར་ཐག་བྱེད་པ། མང་ཚོགས་ཀྱི་ཟས་རིགས་བདེ་འཇགས་ལ་འགན་སྲུང་གང་ཐུབ་བྱེད་ཆེད། ཟི་ལིང་གྲོང་ཁྱེར་སྤྱི་བདེ་ཅུའུ་ཡིས་འཛིན་བཟུང་ཇུས་གཞི་ཞིབ་ཚགས་བཟོས་པ་དང་། དཔལ་འབྱོར་མྱུལ་ཞིབ་དང་དྲ་བའི་བདེ་འཇགས། དམིགས་བསལ་ཉེན་རྟོག་སོགས་ཀྱི་སྟོབས་ཤུགས་བསྡུས་པ་དང་ཉེན་རྟོག་པ་500ལྷག་སྐོང་འཐེན་བྱས་ནས་2020ལོའི་ཟླ་12པའི་ཚེས་28ཉིན་ཟི་ལིང་དང་ལན་ཀྲིག ནན་ཅིན། ཧི་ཧྥེ་བཅས་ས་ཁུལ་བཞི་ནས་འཛིན་བཟུང་འགུལ་སྐྱོད་སྤེལ།

ཐེངས་འདིའི་འགུལ་སྐྱོད་ནང་རྫུན་བཟོ་བྱ་ཡུལ་2དང་ཐོན་སྐྱེད་བརྒྱུད་རིམ་2མེད་པར་བཟོས་པ་དང་། གསོག་ཉར་མཛོད་ཁང་5རྙེད་པ་དང་བྲིན་ཚོང་ཚོང་ཁང་30ལ་ཞིབ་བཤེར་ཐག་གཅོད་བྱས་པར་མ་ཟད། རྩེར་སོན་ཨ་རག་གི་ཚོང་རྟགས་རྫུན་མ10ལྷག་རྩད་ཆོད་པ་དང་། བསྡོམས་པས་ཤེལ་དམ་ཁྲི་གསུམ་དང་སྟོང་བཞི་དགུ་བརྒྱ་རྙེད་པ་རེད། ཚོང་རྟགས་ཀྱི་མཚོན་རྟགས་སྣ་ཚོགས་དང་ཐུམ་སྒྲིལ་སྒམ། ཨ་རག་གི་ཤེལ་དམ་སྟོང་པ། སྤུས་ཚད་ཞན་པའི་རྒྱུ་ཆ་དང་ཨ་རག་སོགས་དངོས་རྫས་རྫུན་མ་སྣ་ཚོགས་ཏུན་25དང་གྱོད་གཞི་དང་འབྲེལ་བ་ཡོད་པའི་རླངས་འཁོར་6ལ་ཞིབ་བཤེར་བྱས་ནས་བཀག་ཉར་བྱས། བསྡོམས་རྩིས་བྱས་པ་ལྟར་ན། གྱོད་འབྲེལ་དངུལ་འབོར་སྒོར་དུང་ཕྱུར་1དང་བྱེ་བ་7ལྷག་ཙམ་ཟིན་ཡོད་པ་རེད།

2020ལོའི་ཟླ་10པ་ནས་ཟླ་12པའི་རིང་ཚོགས་པ་དེས་ཚོང་རྟགས་རྫུན་མའི་ཨ་རག་སྣ་ཚོགས་སྒམ་1000ལྷག་བཙོང་པ་དང་བྲིན་ཚོང་དངུལ་འབོར་སྒོར་བྱེ་བ་གཉིས་དང་ས་ཡ་བདུན་ཟིན་པ་དང་། སིལ་ཚོང་ནང་ཞུགས་མཁན་ཚོང་ཁང་200ལྷག་ཙམ་ལ་སླེབས་ཡོད་པ་རེད། སྤུས་རྟགས་རྫུན་མའི་ཨ་རག་ནི་ཀན་སུའུ་དང་ཅང་སུའུ་སོགས་ནས་ཡིན་པ་དང་། གཙོ་བོ་ཨ་རག་མིང་གྲགས་ཅན་གྱི་ཐུམ་དང་ཚོང་རྟགས་ཉོས་ཏེ་སྤྱིར་བཏང་གི་ཨ་རག་ཚོངས་རྟགས་གྲགས་ཅན་གྱི་ཨ་རག་ལ་བརྫུས་ནས་ཐོན་སྐྱེད་དང་ལས་སྣོན་བྱས་པ་དང་། ལིན་ཆེ་གེ་མོ་སོགས་ཀྱིས་རྩ་འཛུགས་བྱས་ནས་མཚོ་སྔོན་དང་ཀན་སུའུ། ཁྲུང་ཆིན་སོགས་སུ་སྐྱེལ་འདྲེན་དང་གསོག་འཇོག  ཕྱིར་ཚོང་བྱས་པ་རེད།

མཱ་རྟ་མགྲིན་ཀྱིས་བཤད་རྒྱུར། སྤྱི་བདེ་ལས་ཁུངས་ཀྱིས་ལིན་ཆེ་གེ་མོ་སོགས་ཀྱིས་སྤུས་རྟགས་རྫུན་མའི་ཨ་རག་ཐོན་སྐྱེད་དང་ཕྱིར་ཚོང་བྱེད་པའི་གྱོད་གཞི་བདེ་བླག་ངང་རྩད་ཆོད་པ་དང་།  ཉེས་གསོག་ཚོགས་པ་དེར་རྡུང་རྡེག་བཏང་བས་ཤེས་བྱའི་བདག་དབང་སྲུང་སྐྱོང་དང་། དམངས་འཚོའི་ཁེ་དབང་ལ་འགན་སྲུང་བྱེད་པ། དཔལ་འབྱོར་ཉེས་གསོག་ལ་རྡུང་རྡེག་གཏོང་བ། ཁྲོམ་རའི་སྒྲིག་ལམ་ཇེ་ལེགས་སུ་གཏོང་བ་བཅས་ཀྱི་ཐད་རྒྱལ་ཁ་ཐོབ་ཡོད། མིག་སྔར། གྱོད་གཞི་འདིའི་ཁྲོད་ནས་བསྡོམས་པས་ཉེས་གསོག་དོགས་ཅན་40འཛིན་བཟུང་བྱས་པ་དང་། མི་31ཉེས་དོན་བཀག་ཉར་བྱས་ཡོད་ལ། མི་9ལ་ཁག་ཐེག་བཙལ་ནས་ཕྱིས་སུ་འདྲི་གཅོད་བྱེད་རྒྱུ། གྱོད་འབྲེལ་མ་དངུལ་སྒོར་ས་ཡ་དགུ་དང་འབུམ་དགུ་ཁྲི་ལྔ་སྟོང་བཞི་བདུན་བརྒྱ་བསྡམས་བཅད་བྱས་ཡོད། གྱོད་གཞི་འདིའི་དཔང་རྟགས་གཏན་འཁེལ་དང་ཁྲིམས་འཛིན་གསལ་འབྱེད་སོགས་ཀྱི་ཆེད་དོན་བྱ་བ་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད་པ་དང་། ཆེད་དོན་གྱོད་གཞིའི་ཚན་ཆུང་གིས་སྔོག་འདོན་བྱེད་རྒྱ་ཆེ་རུ་བཏང་ནས་གྱོད་གཞིའི་ནང་རྫུན་བཟོ་རྫུན་འཚོང་དང་ཚོང་རྟགས་ལ་གནོད་པ་བཟོས་པའི་ཉེས་གསོག་བྱ་སྤྱོད་གཞན་དག་ལ་མུ་མཐུད་དུ་རྡུང་རྡེག་གཏོང་རྒྱུ་ཡིན་ཟེར།

ལོ་ཙཱ་བ། ཤ་བོ་གསེར་མཚོ།