རྫོང་རུ་གནའ་ཤུལ་གྱི་གནའ་རྫས་རྟོག་ཞིབ་བྱ་བར་གྲུབ་འབྲས་གསར་བ་ཐོབ་པ།
2021.01.15 ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། ཀློག་གྲངས། 83

ཟླ་དང་པོའི་ཚེས11ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་རིག་དངོས་གནའ་རྫས་རྟོག་ཞིབ་ཞིབ་འཇུག་ཁང་ནས་ཤེས་རྟོགས་བྱུང་བ་ལྟར་ན། རྫོང་རུ་གནའ་ཤུལ་གྱི་གནའ་རྫས་རྟོག་ཞིབ་ལས་དོན་ལ་འཕེལ་རྒྱས་གསར་པ་བྱུང་ཞིང་། 2020ལོར་རྫ་ཆས་དང་རྡོ། རུས་ཆས་དང་རྒྱན་ཆ་སོགས་རིག་གནས་ཤུལ་བཞག་དངོས་རྫས2500ལྷག་རྙེད་ཡོད།

རྫོང་རུ་གནའ་ཤུལ་ནི་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་ཏེ་རྫོང་དུ་གནས་པ་དང་། གནའ་ཤུལ་དེའི་ཤར་ནུབ་ཀྱི་རིང་ཚད་ལ་སྤྱི་ལེ5ལྷག་ཟིན། དེ་ནི་མིག་སྔར་རྨ་ཆུའི་སྟོད་རྒྱུད་དུ་ཤེས་རྟོགས་བྱུང་བའི་དུས་རབས་སྔ་ཤོས་དང་། རྒྱ་ཁྱོན་ཆེ་ཤོས། ནང་དོན་ཕུན་སུམ་ཚོགས་པའི་རྡོ་ཆས་གསར་པའི་དུས་སྐབས་ནས་ཟངས་ཆས་དུས་སྐབས་བར་གྱི་གནའ་ཤུལ་ཞིག་རེད། 2013ལོར་རྫོང་རུའི་གནའ་ཤུལ་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཁག་བདུན་པའི་རྒྱལ་ཡོངས་ཀྱི་གཙོ་གནད་རིག་དངོས་སྲུང་སྐྱོང་ཚན་པ་ཡིན་པ་ཁྱབ་བསྒྲགས་བྱས།

2020ལོའི་ཟླ5བ་ནས་ཟླ10བའི་བར། རྒྱལ་ཁབ་རིག་དངོས་ཅུའུ་ཡི་ཆོག་མཆན་ཐོབ་པ་བརྒྱུད། མཚོ་སྔོན་ཞིང་ཆེན་རིག་དངོས་གནའ་རྫས་རྟོག་ཞིབ་ཞིབ་འཇུག་ཁང་གིས་ཧི་པེ་དགེ་འོས་སློབ་ཆེན་དང་ནན་ཅིང་སློབ་ཆེན་གཉིས་དང་མཉམ་འབྲེལ་ཐོག རྫོང་རུའི་གནའ་ཤུལ་ལ་རྟོག་ཞིབ་སྔོག་འདོན་བྱས་པ་རེད། རྫོང་རུའི་གནའ་རྫས་རྟོག་ཞིབ་མཉམ་འབྲེལ་རུ་ཁག་གིས་བང་སོ་དང་ཐལ་དོང་། ཐལ་ཤུལ། སྡོད་ཁང་སོགས་རྗེས་ཤུལ་ཚན་པ་བརྒྱ་ལྷག་ལ་གཙང་བཤེར་བྱས་པ་དང་སྔོག་འདོན་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ800ཙམ་ཟིན་ཡོད།    
      སྔོག་འདོན་གྱི་གྲུབ་འབྲས་ཐོག་ནས་རྫོང་རུ་གནའ་ཤུལ་དེ་རྡོ་ཆས་གསར་པའི་དུས་སྐབས་དང་ཟངས་ཆས་དུས་སྐབས། ཐང་སུང་རྒྱལ་རབས་ཀྱི་འཕེལ་རྒྱས་དུས་མཚམས་ཆེན་པོ་གསུམ་བརྒྱུད་པ་དང་། གནའ་རྫས་རྟོག་ཞིབ་མི་སྣས་རྫོང་རུ་གནའ་ཤུལ་གྱི་ས་ཁོངས་མི་འདྲ་བ་སྔོག་འདོན་བྱས་པ་བརྒྱུད་ས་ཁོངས་ཁག་གི་རིག་གནས་ཀྱི་ནང་དོན་མི་འདྲ་བ་ཤེས་རྟོགས་བྱུང་ཡོད། དེའི་ཁྲོད། “མཱ་ཅ་ཡའོ-རྫོང་རུ”རིག་གནས་དུས་སྐབས་ཀྱི་ཐབ་ཁང་ཐོག་མར་རྙེད་པ་དང་། དེས་སྐབས་དེའི་སྡོད་གནས་ལ་རྒྱུས་ལོན་བྱེད་པར་དཔྱད་གཞི་གལ་ཆེན་འདོན་སྤྲོད་བྱས་ཡོད།    
      ད་ཐེངས་ཀྱི་རྫོང་རུའི་གནའ་རྫས་རྟོག་ཞིབ་མཉམ་འབྲེལ་རུ་ཁག་གིས་རྫོང་རུ་གནའ་ཤུལ་དུ་སྤེལ་བའི་ཕྱོགས་བསྡུས་རང་བཞིན་གྱི་གནའ་རྫས་རྟོག་ཞིབ་ཞིབ་འཇུག་གིས་རྨ་ཆུའི་སྟོད་རྒྱུད་ས་ཁུལ་གྱི་རྡོ་ཆས་གསར་པའི་དུས་སྐབས་ཀྱི་རིག་གནས་སྒྲོམ་གཞི་འཐུས་ཚང་དུ་གཏོང་བ་དང་། ས་ཁོངས་མཉམ་འགུལ་དང་དེ་བཞིན་རྨ་ཆུའི་སྟོད་རྒྱུད་ས་ཁུལ་དང་རྒྱ་གར་གཙང་བོའི་བཞུར་རྒྱུད་སོགས་མཐའ་འཁོར་ས་ཁུལ་གྱི་གནའ་རྫས་རྟོག་ཞིབ་རིག་པའི་རིག་གནས་ཀྱི་ཞིབ་བསྡུར་ཞིབ་འཇུག་ལ་དཔྱད་གཞི་གལ་ཆེན་མཁོ་འདོན་བྱས་ཡོད།