ཡུའུ་ཧྲུའུ་ཁུལ་དུ་རིམ་པ་བཞི་བའི་བོད་ལུགས་གསོ་རིག་གི་འཕྲོད་བསྟེན་བདེ་ཐང་མ་ལག་ཆ་ཚང་གྲུབ།
2021.01.18 ཁུངས། མཚོ་སྔོན་་གསར་འགྱུར་དྲ་བ། ཀློག་གྲངས། 44

ཟླ་དང་པོའི་ཚེས་བཅོ་ལྔ་ཉིན་གསར་འགོད་པས་ཡུའུ་ཧྲུའུ་ཁུལ་བོད་ལུགས་གསོ་རིག་འཕེལ་རྒྱས་ཚོགས་ཆེན་སྟེང་རྒྱུས་ལོན་པ་ལྟར་ན། ཉེ་བའི་ལོ་ཤས་རིང་ཡུའུ་ཧྲུའུ་ཁུལ་གྱིས་བོད་སྨན་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་ངོས་འཛིན་མེད་པའི་ནད་གཞིའི་ཐད་ནུས་ཤུགས་བླ་ལྷག་བཏོན་པར་མ་ཟད། འགོས་ནད་ཚབས་ཆེན་གྱི་སྨན་བཅོས་དང་འགོས་ནད་དྲག་བསྐྱེད་བྱུང་བར་རོགས་འདེགས་དང་ནུས་པ་བཏོན་ནས། དམངས་ཡོངས་དང་དམངས་ཀྱི་ཚེའི་འཁོར་ཡུན་ཆ་ཚང་དུ་ཁྱབ་པའི་ཞབས་ཞུ་མཁོ་སྤྲོད་བྱེད་པར་འབད་པ་བྱས་པ་དང་། གཞུང་གཉེར་གྱི་བོད་སྨན་སྨན་བཅོས་འཕྲོད་བསྟེན་ལས་ཁུངས་གཙོ་བོར་བྱས་ཏེ། དམངས་སྒྲུབ་བོད་སྨན་སྨན་བཅོས་ཁང་གིས་ནུས་པ་འདོན་སྤེལ་བྱས་ནས་རྫོང་དང་གྲོང་སྡེ་ཕལ་ཆེར་ཁེབས་པའི་རིམ་པ་བཞི་བའི་བོད་ལུགས་གསོ་རིག་འཕྲོད་བསྟེན་བདེ་ཐང་ཞབས་ཞུ་མ་ལག་ཆགས་པ་དང་། རྒྱ་ཆེའི་རོང་འབྲོག་མང་ཚོགས་ཀྱིས་དགའ་བསུ་བླ་ལྷག་ཐོབ།

མིག་སྔར་ཡུའུ་ཧྲུའུ་ཁུལ་གྱིས་ཁུལ་དང་རྫོང་རིམ་པ་གཉིས་ཀྱི་སྨན་བཅོས་དང་སྔོན་འགོག ལུས་ཁམས་བདེ་སྲུང་། ལུས་ཟུངས་གསོ་བ། ཚན་རིག་ཞིབ་འཇུག སློབ་སྦྱོང་། བོད་སྨན་སྡེབ་རྫས་ཐོན་སྐྱེད།  རིག་གནས་བརྒྱུད་སྒྲོག་བཅས་གཞི་བརྒྱད་གཅིག་ཏུ་འཛོམས་པ་ཚད་གཞིར་བྱས་པའི་གཞུང་གཉེར་བོད་སྨན་སྨན་ཁང་དྲུག་བཙུགས་པ་དང་། བརྒྱ་ཆའི་གྱ་ལྔའི་ཡན་གྱི་ཞང་གྲོང་འཕྲོད་བསྟེན་ཁང་དང་སྡེ་ཁུལ་འཕྲོད་བསྟེན་ཞབས་ཞུ་ལྟེ་གནས། སྡེ་བའི་འཕྲོད་བསྟེན་ཁང་། སྡེ་ཁུལ་འཕྲོད་བསྟེན་ས་ཚིགས་སུ་བོད་ལུགས་གསོ་རིག་སྨན་བཅོས་ཞབས་ཞུ་མཁོ་འདོན་བྱེད་ཐུབ་པ་མ་ཟད། སྨན་ཁང་ལ་ཁྱད་ཆོས་དང་ཚན་ཁག་ལ་གཙོ་གནད་ཡོད་པའི་རྣམ་པ་ལས་བརྒལ་དེ་བོད་ལུགས་གསོ་རིག་ཐད་ཀྱི་ཆེད་མཁས་པ་དང་མཁས་པ། བརྒྱུད་འཛིན་པ་ཕུལ་དུ་བྱུང་བ་མང་པོ་བསྐྱེད་བསྲིང་བྱས་པ་རེད།

ད་ལྟ་ཡུའུ་ཧྲུའུ་ཁུལ་གྱིས་གཅིག་གྱུར་སྒོས་ཁུལ་དང་རྫོང་། ཞང་དང་སྡེ་བར་རིམ་པ་བཞི་བའི་བོད་ལུགས་གསོ་རིག་གི་སྨན་བཅོས་ལྟེ་གནས་འཛུགས་སྐྲུན་བྱེད་པ་བརྒྱུད་དེ། བོད་ལུགས་གསོ་རིག་གི་ཁྱད་ཆོས་ལྡན་པའི་ཚན་ཁག་གསར་འཛུགས་ལ་འབད་པ་གང་ལེགས་བྱས་ནས་སྦྲེལ་དྲ་དང་བོད་སྨན་བདེ་ཐང་ཞབས་ཞུ་ཟུང་འབྲེལ་ཀྱི་འགུལ་བསྐྱོད་ལག་བསྟར་བྱས་ཏེ། སྔོན་འགོག་དང་ལུས་ཁམས་བདེ་སྲུང་། འགོས་ནད་བཅོ་བ་དང་དྲག་བསྐྱེད་བྱུང་བ་སོགས་གཞི་གཅིག་ཏུ་འདུས་པའི་བོད་ལུགས་གསོ་རིག་ཞབས་ཞུའི་མ་ལག་གྲུབ་པར་བྱེད་དགོས། ད་ནས་བཟུང་། ལོ་རེར་ཞང་གྲོང་དང་སྡེ་ཁུལ་དུ་ཚད་ལྡན་དང་དཔེ་སྟོན་རང་བཞིན་གྱི་བོད་ལུགས་གསོ་རིག་ཁང་བཅུ་རེ་འཛུགས་པའི་ཇུས་གཞི་ལག་བསྟར་བྱས་ཏེ་བོད་ལུགས་གསོ་རིག་གི་ཁྱད་ཆོས་ལྡན་པའི་དེང་རབས་སྨན་ཁང་དོ་དམ་ལམ་ལུགས་ཆ་ཚང་བཙུགས་ནས་རིམ་བཞིན་ཚད་ལྡན་རང་བཞིན་གྱི་འཛུགས་སྐྲུན་མ་ལག་གྲུབ་པར་བྱེད་དགོས། འབད་འཐབ་སྒོས་རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་ཇུས་གཞི་དང་མ་དངུལ་རོགས་འདེགས་ལ་བརྟེན་ནས་བོད་ལུགས་གསོ་རིག་སྨན་བཅོས་ལས་ཁུངས་ཀྱི་མཁྲེགས་ཆས་ཆུ་ཚད་མཐོར་འདེགས་གཏོང་བ་དང་མཉམ་དུ་མཁར་གྲོང་གི་ལས་བཟོ་བ་དང་གྲོང་གསེབ་ཡུལ་མིའི་འགན་བབས་སྨན་བཅོས་དང་བོད་སྨན་རྩིས་སྤྲོད་བསྡུར་ཚད་མཐོར་འདེགས་གཏོང་དགོས།


                                                                                                            མི་ཕམ་མགོན་པོས་བསྒྱུར།