ཁྲི་འདུ་རྫོང་རྒྱ་ཐང་རྩྭ་ཐང་གི་ཁྲུང་ཁྲུང་སྐེ་ནག་གི་གྲངས་འབོར་ལོ་རྒྱུས་ཁྲོད་ཆེས་མཐོ་བའི་གྲངས་ལ་སླེབས།
2021.02.12 ཁུངས། མཚོ་སྔོན་་གསར་འགྱུར་དྲ་བ། ཀློག་གྲངས། 8

ཉེ་སྔོན། ཡུའུ་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཁྲི་འདུ་རྫོང་ནགས་ཚལ་སྤྱི་བདེ་ཅུའུ་ཡིས་རྒྱ་ཐང་རྩྭ་ཐང་གི་ཁྲུང་ཁྲུང་སྐེ་ནག་གི་གྲངས་འབོར་རྩིས་བླངས་པ་ལྟར་ན། ཁྲུང་ཁྲུང་སྐེ་ནག་གི་ཁ་གྲངས700ལ་བུད་པ་དང་ལོ་རྒྱུས་ཁྲོད་ཆེས་མཐོ་ཤས་ཡིན་ཟེར། 2017ལོར་ཉིས་བརྒྱ་བརྒྱད་ཅུ་ཡོད་ལ། 2018ལོར་བཞི་བརྒྱ་ལྷག་ལ་བུད་པ་དང་། ད་ལོར་བདུན་བརྒྱ་ལས་བརྒལ་བ་རེད་ཟེར།

ཁྲི་འདུ་རྫོང་རྒྱ་ཐང་རྩྭ་ཐང་དུ་ཁྲུང་ཁྲུང་སྐེ་ནག་བདུན་བརྒྱ་ལྷག་གིས་རྒུམ་འཐུ་བཞིན་ཡོད་ཅིང་། རྒྱ་ཐང་རྩྭ་ཐང་འདི་ཉིད་ཁྲུང་ཁྲུང་སྐེ་ནག་གི་འཇིག་རྟེན་ཆུང་ཆུང་ཞིག་ཏུ་གྲུབ་པའི་རྒྱུ་རྐྱེན་ཡང་ས་འདིའི་བརླན་བཤེར་ཆེ་བའི་ས་གཤིས་རྒྱ་ཆེ་བ་དང་ཕུན་སམ་ཚོགས་པའི་ཁ་ཟས་ཀྱི་རྐྱེན་ཀྱིས་རེད། ཉེ་བའི་ལོ་ཤས་རིང་ཡུའུ་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཁྲི་འདུ་རྫོང་གིས་རྒྱལ་ནང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཞིབ་འཇུག་རྩ་འཛུགས་དང་མཉམ་འབྲེལ་སྒོས་རྒྱ་ཐང་རྩྭ་ཐང་གི་ཁྲུང་ཁྲུང་སྐེ་ནག་གཙོས་སྐྱེ་དངོས་སྣ་མང་ལ་ཡུན་རིང་བོར་ལྟ་ཞིབ་བྱེད་པའི་དྲ་རྒྱ་བཙུགས་པ་དང་།  ལྟ་ཞིབ་མཇུག་འབྲས་ལས་མངོན་པ་ལྟར་ན། ཁྲུང་ཁྲུང་སྐེ་ནག་གཙོས་ཀྲུང་གོའི་རི་སྐྱེས་སྲོག་ཆགས་དཀོན་པོའི་རིགས་ཀྱི་སྤྱིའི་ཁ་གྲངས་ཇེ་མང་དུ་འགྲོ་བཞིན་ཡོད།

རྒྱུས་ལོན་པ་ལྟར་ན། ཁྲི་འདུ་རྫོང་གིས2018ནས2020རིང་གི་བསྟུད་མར་ལོ་གསུམ་ལ་ཁྲུང་ཁྲུང་སྐེ་ནག་གི་རྒྱུད་སྤེལ་ནས་ལེགས་འགྲུབ་བྱུང་བ་མ་ཟད། དེ་ནི་ཉེ་སྔོན་བྱུང་མ་མྱོང་བའི་སྣང་ཚུལ་ཞིག་ཡིན་ཟེར། ཁྲུང་ཁྲུང་སྐེ་ནག་གི་སྐྱེ་འཕེལ་ཐད་ཁོར་ཡུག་གི་ཆ་རྐྱེན་ངེས་ཅན་དགོས་པ་དང་འཚོ་གསོན་གྱི་ཚད་ཅུང་དམའ། ད་ལྟ་རྒྱ་ཐང་རྩྭ་ཐང་དུ་འཚོ་སྡོད་བྱེད་པའི་ཁྲུང་ཁྲུང་ཇེ་མང་ནས་ཇེ་མང་དུ་འགྲོ་བཞིན་མཆིས་པ་འདིས་ཁྲི་འདུ་རྫོང་གི་ཕྱོགས་སོ་སོའི་སྐྱེ་ཁམས་དམིགས་ཚད་བཟང་བ་ངང་གིས་རྟོགས་ཡོང་།

ལོ་ཙཱ་བ།མི་ཕམ་མགོན་པོ།