ལོ་སར་གྱི་སྐབས་སུ་རྒྱལ་ཡོངས་ཀྱི་བགྲོད་ལམ་འགྲིམ་འགྲུལ་བདེ་འཇགས་གནས་བབ་བརྟན་བརླིང་ཡིན།
2021.02.18 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 38

གསར་འགོད་པས་ཚེས་བཅུ་བདུན་ཉིན་སྤྱི་བདེ་པུའུ་འགྲིམ་འགྲུལ་དོ་དམ་ཅུའུ་ནས་རྒྱུས་ལོན་པ་ལྟར་ན། ཉིས་སྟོང་ཉེར་གཅིག་ལོའི་ལུགས་རྙིང་ལོ་སར་གྱི་གུང་གསེང་བཏང་བ་ནས་ཟླ་གཉིས་པའི་ཚེས་བཅུ་བདུན་ཉིན་གྱི་དུས་ཚོད་བཅུ་བདུན་བར་དུ། རྒྱལ་ཡོངས་ནས་སྙན་ཞུ་འབྱོར་བའི་མི་སྣ་ཤི་རྨས་དང་འབྲེལ་བའི་འགྲིམ་འགྲུལ་དོན་རྐྱེན་གྱི་གྲངས་ཀ་དང་ཚེ་འདས་ཀྱི་གྲངས་ཀ་དེ་ཉིས་སྟོང་བཅུ་དགུ་ལོའི་ལུགས་རྙིང་ལོ་སར་སྐབས་དང་བསྡུར་ན་སོ་སོར་བརྒྱ་ཆའི་བདུན་ཅུ་དང་གྲངས་ཆུང་བདུན་དང་། བརྒྱ་ཆའི་རེ་བརྒྱད་དང་གྲངས་ཆུང་གཉིས་ཀྱིས་ཇེ་དམའ་རུ་སོང་ཡོད་ལ། འགྲིམ་འགྲུལ་དོན་རྐྱེན་གཅིག་གི་ཁྲོད་དུ་མི་གསུམ་གྱི་རྐྱེན་ལམ་དུ་ཤོར་བའི་འགྲིམ་འགྲུལ་དོན་རྐྱེན་བརྒྱ་ཆའི་རེ་གཅིག་དང་གྲངས་ཆུང་གཅིག་གིས་ཇེ་དམའ་རུ་སོང་ཡོད་པ་དང་། འགྲིམ་འགྲུལ་དོན་རྐྱེན་གཅིག་གི་ཁྲོད་དུ་མི་ལྔའི་ཡན་རྐྱེན་ལམ་དུ་ཤོར་བའི་དོན་རྐྱེན་གྱི་སྙན་ཞུ་འབྱོར་མེད་ཟེར།

རྒྱལ་ཡོངས་བགྲོད་ལམ་འགྲིམ་འགྲུལ་གྱི་ཚད་དེ་དམའ་མོའི་ངང་འཁོར་སྐྱོད་བྱས་པ་དང་། འབྲེལ་ཡོད་སྡེ་ཁག་གིས་ལྟ་ཞིབ་ཚད་ལེན་བྱས་པའི་གྲངས་ཀ་ལྟར་ན། མྱུར་བགྲོད་གཞུང་ལམ་གྱི་འགྲིམ་འགྲུལ་གྱི་ཚད་དེ་ལོ་སྔོན་མ་དག་གི་ལུགས་རྙིང་ལོ་སར་དང་བསྡུར་ན་བརྒྱ་ཆའི་ཉི་ཤུས་ཇེ་དམའ་རུ་སོང་ཡོད་ལ། གྲོང་ཁྱེར་ཁ་ཤས་ཀྱི་གྲོང་ཁུལ་གྱི་འགྲིམ་འགྲུལ་གྱི་ཚད་དེ་ལོ་སྔོན་མ་དག་གི་ལུགས་རྙིང་ལོ་སར་དང་བསྡུར་ན་ཇེ་མཐོར་སོང་ཡོད། དུས་ཚོད་རིང་པོ་དང་ཁྱབ་རྒྱ་ཆེ་བའི་སྒོ་ནས་འགྲིམ་འགྲུལ་ཁེགས་པའི་གནས་ཚུལ་བྱུང་མེད། སྡོམ་རྩིས་བྱས་པ་ལྟར་ན། ལུགས་རྙིང་ལོ་སར་སྐབས་ཀྱི་བགྲོད་ལམ་འགྲིམ་འགྲུལ་བདེ་འཇགས་ལ་ཁག་ཐེག་བྱེད་ཆེད། ས་ཁུལ་སོ་སོའི་སྤྱི་བདེ་འགྲིམ་འགྲུལ་དོ་དམ་སྡེ་ཁག་གིས་ཆ་སྙོམས་ཉིན་རེ་ལ་ཉེན་རྟོག་པ་མི་ཐེངས་འབུམ་གཅིག་དང་ཁྲི་ལྔ་སྟོང་བཞི་དང་། ཉེན་རྟོག་རླངས་འཁོར་བཀོལ་ཐེངས་ཁྲི་ལྔ་དང་སྟོང་གསུམ་ལྷག་བྱས་ཏེ། ཡུལ་དངོས་ནས་འགྲིམ་འགྲུལ་ཁྲིམས་འགལ་གྱི་དོན་དག་སྣ་ཚོགས་འབུམ་དགུ་ལྷག་རྩད་བཅད་ནས། བགྲོད་ལམ་འགྲིམ་འགྲུལ་བདེ་འཇགས་ཀྱི་གནས་བབ་བརྟན་བརླིང་ཡོང་བར་ཁག་ཐེག་ཆེན་པོ་བྱས།

ཕྱུག་ལོས་བསྒྱུར།