ན་གོར་མོ་གྲོང་ཁྱེར་གྱིས་ནུས་ཤུགས་ཡོད་རྒུས“ཡུན་རིང་སྡོད་ཐུབ་པའི”རང་ཡུལ་གྱི་ཤེས་ལྡན་མི་སྣ་གསོ་སྐྱོང་ཐད་སྟོབས་ཤུགས་ཕུལ།
2021.02.18 ཁུངས། མཚོ་སྔོན་་གསར་འགྱུར་དྲ་བ། ཀློག་གྲངས། 42

ནུས་ཤུགས་ཡོད་རྒུས“ཡུན་རིང་སྡོད་ཐུབ་པའི”རང་ཡུལ་གྱི་ཤེས་ལྡན་མི་སྣ་ཁག་གཅིག་གསོ་སྐྱོང་བྱེད་ཆེད། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ན་གོར་མོ་གྲོང་ཁྱེར་གྱིས་ས་གནས་དེ་གའི་ཤེས་ལྡན་པ་གསོ་སྐྱོང་དང་བེད་སྤྱོད། གདེང་འཇོག  ཞབས་ཞུ་བཅས་ལ་ཤུགས་སྣོན་རྒྱུར་དམིགས་ནས། རྒྱུན་མཐུད་སློབ་གསོ་གསོ་སྦྱོང་ལ་ཤུགས་བསྣན་པ་དང་ལས་ཐོབ་རིམ་པའི་གདེང་འཇོག་ལམ་སྲོལ་སྒྱུར་བཅོས་བྱེད་པ། ཤེས་ལྡན་མི་སྣའི་སྲིད་ཇུས་ཀྱི་ཁེ་སྤོགས་རྒྱུན་མཐུད་ངང་སྤྲོད་པ། ཤེས་ལྡན་མི་སྣ་འཁོར་རྒྱུག་ཐབས་ལམ་ཤར་བགྲོད་ཡོང་བ། ཤེས་ལྡན་མི་སྣ་འཐབ་ཕྱོགས་དང་པོར་བསྐྱོད་རྒྱུར་སྐུལ་འདེད་གཏོང་བ། ཤེས་ལྡན་མི་སྣར་ཞབས་འདེགས་ཞུ་བའི་ཁོར་ཡུག་ལེགས་སུ་གཏོང་བ་སོགས་ཀྱི་བྱེད་ཐབས་རབ་དང་རིམ་པ་སྤྱད་དེ་རང་ས་གནས་ཀྱི་ཤེས་ལྡན་མི་སྣ་འཚར་ལོངས་འབྱུང་བར་རྨང་གཞི་བརྟན་པོ་ཞིག་བཏིངས།

ན་གོར་མོ་གྲོང་ཁྱེར་གྱིས་རང་ས་གནས་ཀྱི་ཤེས་ལྡན་མི་སྣའི་ཞབས་ཞུའི་ཁོར་ཡུག་བཟང་པོ་བསྐྲུན་རྒྱུའི་ཐད་ལ་ཤུགས་བསྣན་ཏེ་རིགས་སོ་སོའི་རྩལ་ནུས་གསོ་སྦྱོང་རྒྱུན་མཐུད་ངང་སྤེལ་ནས་ལས་རིགས་སློབ་གླིང་དང་གསོ་སྦྱོང་སྒྲིག་གཞི། ཁེ་ལས། ལས་རིགས་སྡེ་ཚན་སོགས་ཀྱི་གསོ་སྦྱོང་ཐོན་ཁུངས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་པ་དང་། འཐེན་ཐུག་འཐེན་མཁན་དང་མི་རིགས་ཞབས་བྲོ་པ། ལྡུག་འཁོར་གྱི་ཁ་ལོ་བ། ལས་ཞུགས་ནུས་པ་མཐོར་འདེགས། ལས་ཞུགས་སྔོན་གྱི་རྩལ་ནུས་གསོ་སྦྱོང་བཅས་ཀྱི་ཐད་ནས་མི་སྟོང་གཉིས་དང་བཞི་བརྒྱ་སུམ་ཅུ་སྒྲིག་འཛུགས་བྱས་ཏེ་རྩལ་ནུས་ཤེས་ལྡན་པའི་དཔུང་ཁག་ཇེ་ཆེར་བཏང་བ་དང་། ལས་སྐྲུན་ཞབས་ཞུ་མུ་མཐུད་དམ་འཛིན་ལེགས་པོ་བྱས། ན་གོར་མོ་ལས་གཏོད་གླིང་དང་ལས་གཏོད་ཁྲོམ་ལམ། ལས་གཏོད་གསོ་སྦྱོང་རྟེན་གཞི་བཅས་ཀྱི་འཛུགས་སྐྲུན་ལ་རྒྱུན་ཆད་མེད་པར་ཤུགས་བསྣན་ནས་ས་གནས་དེ་གའི་མཐོ་རིམ་སློབ་གྲྭའི་སློབ་ཐོན་སློབ་མའི་ལས་གཏོད་དང་ཕ་ཡུལ་དུ་ལོག་ནས་ལས་གཏོད་བྱེད་མཁན་ལ་གཞུང་ལས་ཁང་དང་ཁང་གླའི་ཁ་གསབ། ལས་གཏོད་ཁག་ཐེག་དངུལ་བུན་སོགས་ཀྱི“རིན་མེད་བདུན་དང་རྒྱབ་སྐྱོར་བདུན”གྱི་སྲིད་ཇུས་ཀྱིས་རོགས་འདེགས་བྱས་པས་ས་གནས་དེ་གར་ཤེས་ལྡན་མི་སྣར་མཐོང་ཆེན་དང་ཤེས་ལྡན་མི་སྣ་སྔོག་འཚོལ།ཤེས་ལྡན་མི་སྣ་གསོ་སྐྱོང་།ཤེས་ལྡན་མི་སྣ་གནས་ཐུབ་པ་བཅས་ཀྱི་རྣམ་པ་བཟང་པོ་ཞིག་བྱུང་།

2020ལོའི་ལོ་མཇུག་ཏུ་སླེབས་སྐབས་ན་གོར་མོ་གྲོང་ཁྱེར་དུ་ཆེད་ལས་ལག་རྩལ་མི་སྣ་སྟོང་གསུམ་དང་བརྒྱ་དང་གྱ་གཅིག་དང་ལས་དོན་ལས་བཟོ་བ249ཡོད་པའི་ནང་འབྲིང་རིམ་ཆེད་ལས་ལག་རྩལ་མི་སྣ་སྟོང་གཅིག་དང་བརྒྱད་བརྒྱ་དང་བཅུ་དང་ལག་རྩལ་དགེ་རྒན79། མཐོ་རིམ་བཟོ་ལས་པ་བརྒྱ་དང་གཅིག་བཅས་ཡོད། དེ་དང་མཉམ་དུ་སྔ་རྗེས་སུ་དགེ་རྒན་གྲགས་ཅན་དང་སྨན་པ་གྲགས་ཅན་གྱི་གཞུང་ལས་ཁང་བཅུའི་སྒོ་བྱང་བཀལ་ནས་ས་གནས་དེ་གའི་ཤེས་ལྡན་མི་སྣའི་གསོན་ཤུགས་སྔར་ལས་རྒྱས་ཏེ་འབྲེལ་ཡོད་ཁྱབ་ཁོངས་ཀྱི་ཤེས་ལྡན་མི་སྣའི་འཚར་ལོངས་དང་ཡར་རྒྱས་ལ་སྐུལ་ཁྲིད་ཀྱི་ནུས་པ་ཐོན་ཡོད།

                                                                                                  མི་ཕམ་མགོན་པོས་བསྒྱུར།