རེབ་གོང་རིག་གནས་སྒྱུ་རྩལ་ཐོན་ལས་ཀྱིས་མང་ཚོགས་ལ་ཁེ་ཕན་བསྐྲུན།
2021.08.25 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 0

དགུ་ཆུ་དལ་འབབ་རིང་མོའི་རྒྱུད་དུ་ཆགས་པའི་རེབ་གོང་གསེར་མོ་ལྗོངས་ཀྱི་ཡུལ་ལུང་འདི་ལ་ཀུན་གྱིས་རེབ་གོང་རིག་པ་འབྱུང་བའི་གྲོང་ཁྱེར་ཞེས་འབོད་ཅིང་། རིག་གནས་ནི་རྒྱལ་ཁབ་ཅིག་དང་མི་རིགས་ཤིག་གི་བླ་སྲོག་ཡིན་སྟབས། རེབ་གོང་ས་ཆའི་མི་དམངས་ཀྱིས་མི་རབས་ནས་མི་རབས་བར་དུ། ཕ་མེས་ནས་བརྒྱུད་པའི་སྒྱུ་རྩལ་རིག་གནས་མང་པོ་ཞིག་རྒྱུན་འཛིན་དང་དར་སྤེལ་བྱས་པས། གནས་འདི་ནི་འཛམ་གླིང་གི་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་གྲས་སུ་ཚུད་པའི་རེབ་གོང་སྒྱུ་རྩལ་དང་བོད་ཀྱི་ཟློས་གར། རྒྱལ་ཁབ་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་གྲས་སུ་ཚུད་པའི་དྲུག་པའི་ཀླུ་རོལ་སོགས་ཀྱི་འབྱུང་ཁུངས་སུ་གྱུར་ཡོད།

རེབ་འདིར་བོད་འབྲེལ་ཞིང་ཆེན་བཞིའི་བོད་སྐད་རླུང་བརྙན་འཕྲིན་གྱི་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་བརྒྱ་འཁོར་བར་རྟེན་འབྲེལ་ཞུ་བའི་བདེ་སྐྱིད་འཚོ་བ་དགའ་བས་གླེང་ཞེས་པའི་མཉམ་འབྲེལ་བཅར་འདྲིའི་ཚན་ཆུང་སྤྱི་ཟླ་བདུན་པའི་ཚེས་ཉེར་བརྒྱད་ཉིན་གྱི་སྔ་དྲོར། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་རིན་གྲོང་ཁྱེར་རེབ་གོང་ཀླུ་སྒྲུབ་སྒྱུ་རྩལ་གླིང་དང་རེབ་གོང་སྒྱུ་རྩལ་གྱི“དཔེ་སྟོན་དུད་ཁྱིམ”སྐལ་བཟངརྒྱ་མཚོའི་ཚང་དུ་བསྐྱོད་ནས་རེབ་གོང་ལྷ་རིས་སྒྱུ་རྩལ་གྱི་རྒྱུན་འཛིན་དང་གསར་སྤེལ་གྱི་གནས་ཚུལ་ལ་རྒྱུས་ལོན་བྱས།

རེབ་གོང་ཀླུ་སྒྲུབ་སྒྱུ་རྩལ་གླིང་ནི་མཚོ་སྔོན་ཞིང་ཆེན་ཐུན་རིན་གྲོང་ཁྱེར་རོང་བོ་གྲོང་རྡལ་སེང་གཤོང་སྡེ་བ་རུ་ཡོད་ལ། སྤྱི་ལོ2010ལོའི་ཟླ8པར་བཙུགས་ཤིང་ཐོ་འགོད་མ་རྩ་སྒོར་ས་ཡ་ལྔ་བཏང་བ་དང་། སྤྱིའི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་དགུ་སྟོང་བདུན་བརྒྱ་ཡོད། འཛུགས་སྐྲུན་གྱི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་ལྔ་སྟོང་ཆིག་བརྒྱ་ཉི་ཤུ་ཡོད་པ་དང་། གཏན་འཇགས་མ་རྩ་སྒོར་བྱེ་བ་བདུན་དང་ས་ཡ་དྲུག་ལ་སླེབས་ཡོད། མིག་སྔར་ཀླུ་སྒྲུབ་སྒྱུ་རྩལ་གླིང་ལ་ལས་བཟོ་བ་བརྒྱ་དང་རེ་གཉིས་ཡོད་པ་དང། དེ་ལས་དོ་དམ་པ་བཅུ་གསུམ་དང་། ཀྲུང་གོའི་བཟོ་བཀོད་མཛེས་རྩལ་མཁན་པོ་དང་། ཀྲུང་གོའི་དམངས་ཁྲོད་མཛེས་རྩལ་མཁན་པོ། ཞིང་ཆེན་རིམ་པའི་དམངས་ཁྲོད་མཛེས་རྩལ་མཁན་པོ་བརྒྱད། ཕུལ་བྱུང་གི་དམངས་ཁྲོད་ལྷ་རིས་པ་ཞེ་གསུམ་དང་། སློབ་མ་གོ་བརྒྱད་བཅས་ཡོད།

རེབ་གོང་ཀླུ་སྒྲུབ་སྒྱུ་རྩལ་གླིང་གི་གླིང་གཙོ་བཀྲ་ཤིས་རྒྱ་མཚོས་བཤད་རྒྱུར།

ད་སྐབས་ཡིན་ན་ཚོང་ར་རྒྱ་ཆེ་ཞིང་ས་ཆ་གང་ནས་ཡིན་ཡང་ཐང་ཀ་བཞེང་ལོབས་སུ་སོང་བས། སེང་གེ་གཞོང་དུད་ཁྱིམ་ལྔ་བརྒྱ་ཡོད་སའི་ལོང་ཁོག་འདི་ནས་ཀྱང་འཚོ་བ་ཡིན་ན་འདྲ། དེ་མིན་ཐང་ཀ་འབྲི་བཞེང་གི་ཐད་ཡིན་ནའང་འདྲ་གཞན་པའི་སྡེ་བ་དང་བསྡུར་ན་གོང་འཕེལ་ཆེན་པོ་སོང་ཡོད། སྔོན་ཆད་ཡིན་ན་ངས་ཐོག་དང་པོ་སྐུ་འབུམ་ནས་ཐང་ཀ་འབྲི་བའི་སྐབས་དེ་དུས། སྦྱིན་བདག་མེད་པར་སྒེར་གྱི་ཐང་ཀ་བཞེང་བར་སྒོ་མདུན་ཐང་ཀ་ཞེས་ཉོ་མཁན་ཤིན་ཏུ་དཀོན་པོ་ཆགས་ཡོད། འོན་ཀྱང་དེང་སྐབས་དེ་འདྲ་མ་རེད། སྒོ་མདུན་ཐང་ཀ་ཡིན་ཡང་ཉོ་མཁན་མང་པོ་འདུག མི་ཚང་མ་ཐང་ཀར་སྤྲོ་བ་འཕེལ་ཞིང་འཚོ་བ་ཡང་དེ་དང་བསྟུན་ནས་ཡར་རྒྱས་སུ་འགྲོ་བཞིན་འདུག

ཀླུ་སྒྲུབ་སྒྱུ་རྩལ་གླིང་ནི་ཀུང་ཟི་དང་རིག་གནས་ཐོན་ལས་རྟེན་གཞི། གཟུགས་འདས་ཤུལ་བཞག་རིག་གནས་འཛིན་སྐྱོང་ལྟེ་གནས་བཅས་ཀྱི་རྣམ་པའི་གཉེར་སྐྱོང་བྱེད་སྟངས་ལ་བརྟེན་ནས་ཇུས་འགོད་དང་། ལས་སྣོན། ཐོན་སྐྱེད། ཕྱིར་འཚོང་། གསོ་སྦྱོང་། དྲིལ་སྒྲོག འགྲེམ་སྟོན་བཅས་གཞི་གཅིག་ཏུ་བསྡུས་པའི་དམངས་གཉེར་ཁེ་ལས་ཤིག་ཡིན། རྟེན་གཞི་འདིའི་ནང་དུ་འགྲེམ་སྟོན་ཁང་དང་། བཟོ་སྐྲུན་ཁང་། གཏེར་དངོས་ཚོས་འཐག་ཁང་། སློབ་ཁང་། གློག་སྤྱོད་སློབ་ཁང་། ནུས་མང་ཚོམས་ཁང་། གྲོས་ཚོགས་ཁང་། གཞུང་ལས་ཁང་། ཉལ་ཁང་། ཟ་ཁང་སོགས་ཡོད་ལ། སྒྲོག་ཙེ་དང་རྐུབ་སྟེགས། གློག་ཀླད། བརྙན་འཆར་འཕྲུལ་ཆས་སོགས་སློབ་ཁྲིད་གསོ་སྦྱོང་ལ་མཁོ་བའི་ཡོ་བྱད་དྲུག་བརྒྱ་ལྷག་དང་། དེ་མིན་གྲབས་གསོག་བྱས་པའི་གཏེར་དངོས་ཚོས་རྒྱུ་རྒྱ་མ་ཆིག་ཁྲི་ཆིག་སྟོང་སུམ་བརྒྱ་ཡོད་པས། འདི་ནི་རེབ་གོང་ས་ཁུལ་གྱི་རེབ་གོང་སྒྱུ་རྩལ་རྒྱུན་འཛིན་དར་སྤེལ་བྱེད་པ་དང་། རེབ་གོང་གི་ལྷ་རིས་པ་གཞི་གཅིག་ཏུ་བསྡུས་ཏེ་གསོ་སྦྱོང་བྱེད་པ། དགེ་རྒན་གྱི་དཔུང་མཐུག་པའི་དམངས་ཁྲོད་ཕྱོགས་བསྡུས་རང་བཞིན་གྱི་ཁྲིད་སྦྱོང་དང་ཐོན་ལས་རྟེན་གཞི་ཞིག་ཡིན།

ཀླུ་སྒྲུབ་སྒྱུ་རྩལ་གླིང་གི་ལྷ་རིས་རྒྱུད་འཛིན་པ་སངས་རྒྱས་མཁར་གྱིས་བཤད་རྒྱུར།

ང་རང་ཉིད་ཡིན་ན་ལོ་བཅོ་བརྒྱད་ནས་བཟུང་འདིར་ཐང་ཀ་སྦྱང་བར་ཡོང་བ་ཡིན། དེ་སྔོན་ཐང་ཀ་འབྲི་བཞེང་གི་ཕྱོགས་ལ་ཆ་རྒྱུས་ཅི་ཡང་མེད་པས། ཐོག་མའི་ལོ་གཅིག་གཉིས་ ཀྱི་རིང་ལ་སྐྱ་ཐིག་སྦྱང་བ་ཡིན། དེ་ནས་དགེ་རྒན་གྱིས་ང་ལ་ཐང་ཀར་ཚོན་རྒྱག་ཏུ་བཅུག་བྱུང་། ཚོན་རྒྱག་སྟངས་ལ་བྱང་ཙམ་གྱིས་མདངས་གཏོང་བ་དང་། དེ་ནས་རིམ་གྱིས་གསེར་བྲིས་ཀྱི་རི་མོ་འཐེན་པ། གསེར་བྲིས་ཀྱི་རི་མོ་འཐེན་པར་བྱང་བ་ཙམ་དུ་དགེ་རྒན་གྱིས་བཀའ་ཅི་གསུང་དང་ལས་ཅི་སྒྲུབ་ཡིན། ང་ཡིན་ན་ད་ལྟ་གསེར་བྲིས་ཀྱི་རི་མོ་འཐེན་པའི་ཚད་ལ་ཐོན་ཡོད། འོན་ཀྱང་ཐང་ཀའི་ཁ་མིག་ད་དུང་བཞེངས་ཐུབ་ཀི་མི་འདུག

ཉེ་བའི་ལོ་འདི་འགར། སྲིད་གཞུང་གི་སྣེ་ཁྲིད་དང་ཁེ་ལས་ཀྱི་ཐེ་ཞུགས་འོག སྣེ་ཁྲིད་ཁེ་ལས་ཀྱིས་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། ཀླུ་སྒྲུབ་སྒྱུ་རྩལ་གླིང་གིས་གཅིག་བསྡུས་སྒོས་ལག་རྩལ་གསོ་སྦྱོང་སྤེལ་བ་དང་སྤུས་ཀ་ལེགས་པའི་ཐང་ག་ཆེན་མོ་འབྲི་བཞེངས་བྱེད་པ། གཏེར་དངོས་ཚོས་རྒྱུ་ལས་སྣོན་དང་ཞིབ་སྤེལ་བྱེད་པ། རེབ་གོང་གི་སྒྱུ་རྩལ་ཐོན་ཁུངས་སྔོག་འདོན་བྱེད་པ། ཐོན་སྐྱེད་ཀྱི་གཞི་ཁྱོན་རྒྱ་བསྐྱེད་པ། རེབ་གོང་སྒྱུ་རྩལ་ཐོན་རྫས་ཀྱི་ཁྲོམ་ར་ཚད་ལྡན་ཅན་དུ་གཏོང་བ། རེབ་གོང་སྒྱུ་རྩལ་གྱི་ཚོང་རྟགས་གྲགས་ཅན་བསྐྲུན་པ། ཕྱི་ཕྱོགས་སུ་དྲིལ་སྒྲོག་དང་མཚམས་སྦྱོར་བྱེད་པ་སོགས་ནུས་ལྡན་གྱི་བྱེད་ཐབས་སྤྱད་དེ་གཅིག་གྱུར་སྒོས་ཐུམ་ལེགས་པོ་རྒྱག་པ་དང་། ད་ཡོད་ཐོན་རྫས་ཀྱི་རྨང་གཞིའི་སྟེང་ཡུལ་སྐོར་དྲན་རྟེན་བཟོ་བ་དང་། མི་རིགས་ཀྱི་ཁྱད་ཆོས་ཡོད་པའི་མཛེས་བཟོ་བྱེད་པ། ཟངས་སྐུ་དང་། གཙག་དྲུབ། འཇིམ་བརྙན། བོད་ཀྱི་ཁྱད་ཆོས་ལྡན་པའི་ཁྱིམ་ཆས་སོགས་ཐོན་རྫས་རབ་དང་རིམ་པ་ཐོན་སྐྱེད་བྱས་ཤིང་། པེ་ཅིང་དང་ཧྲིན་ཀྲིན། ཆིན་ཏའོ་སོགས་ས་ཁུལ་སྐོར་ཞིག་གི་མིང་གྲགས་རིག་གནས་ཁེ་ལས་ཁ་ཤས་དང་ཡུན་རིང་གི་མཉམ་ལས་མཛའ་གྲོགས་ཀྱི་འབྲེལ་བ་བཙུགས་པར་མ་ཟད། རྒྱལ་ཡོངས་སུ་ཐང་ག་ཕྱིར་འཚོང་འགྲེམ་སྟོན་བྱེད་ཡུལ་དང་ཕྱིར་འཚོང་དྲ་བ། ས་ཚིགས་བཅུ་ལྷག་བཙུགས་ཏེ་ཉེ་འཁོར་གྱི་སྡེ་བ་དང་ཞིང་ཁྱིམ་རྣམས་ཧུར་ཐག་གིས་རེབ་གོང་རིག་གནས་ཐོན་ལས་ནང་ཞུགས་པར་སྐུལ་འདེད་བཏང་སྟེ། རོང་འབྲོག་མང་ཚོགས་རྣམས་དབུལ་ཐར་ཕྱུག་འགྱུར་ཡོང་བར་སྣེ་ཁྲིད་ཀྱི་ནུས་པ་གལ་ཆེན་འདོན་བཞིན་ཡོད།

སྐལ་བཟང་རྒྱ་མཚོ་ཚང་ནི་རེབ་གོང་སྒྱུ་རྩལ་གྱི“དཔེ་སྟོན་དུད་ཁྱིམ”ཞིག་ཡིན་པ་དང་། ཁོང་ནི་ཆུང་དུས་ནས་ཐང་གའི་རིག་གནས་ལ་དགའ་ཞེན་ཆེན་པོ་ཡོད་པའི་ལྷ་རིས་པ་ཞིག་ཡིན། མ་གཞི་ཁོང་སློབ་གྲྭར་ལོ་མང་པོ་འགྲོ་མྱོང་མེད་ཀྱང་སྤྱི་ཚོགས་ཀྱི་ཉམས་མྱོང་ཕུན་སུམ་ཚོགས་པོ་ཡོད་པས། ཁོང་གིས་གསར་འགོད་པར་རང་གི་ལས་ཀ་ངོ་སྤྲོད་བྱེད་སྐབས། ཁོང་ནི་བློ་གྲོས་ཀྱིས་ཕྱུག་ཅིང་དམིགས་ཡུལ་གསལ་པོ་ལྡན་མཁན་ཞིག་ཡིན་པ་ཤེས་བྱུང་། མིག་སྔའི་བར་དུ་ཁོང་ལ་ཞིང་ཆེན་དང་། གྲོང་ཁྱེར་སོགས་ནས་སྤྲད་པའི་གཟི་བརྗིད་མཚན་སྙན་མང་པོ་ཐོབ་ཡོད། ཁོང་གིས“དེང་གི་དུས་སུ་ལྷ་རིས་པ་ཚོས་ཐང་ག་འབྲི་སྐབས་ངེས་པར་དུ་མེས་པོའི་འབྲི་སྟངས་རྒྱུན་འཛིན་ཐོག་གསར་གཏོད་ཀྱི་བསམ་བློ་ངེས་པར་དུ་དགོས”ཞེས་གསར་འགོད་པར་བཤད་བྱུང་།  ཁོས་མུ་མཐུད་ནས་བཤད་རྒྱུར།

ང་ཡིན་ན་ཕ་ཡུལ་རེབ་གོང་སྒོ་དམར་ནས་སྐྱེས་པའི་ལྷ་བཟོ་ཆུང་ཆུང་ཞིག་ཡིན། ལོ་མང་པོའི་རིང་། རང་གི་ཉེ་མི་དང་ནང་མི་རྣམས་ཀྱི་རྒྱབ་སྐྱོར་འོག་གྲུབ་འབྲས་ཅུང་ཙམ་བླངས་ཡོད། ཉིས་སྟོང་བཅུ་བཞིའི་ལོར་རེབ་གོང་ཐང་ཀའི་དཔེ་སྟོན་ཁྱིམ་ཚང་གི་མཚན་སྙན་ཐོབ་པ་དང་། ཉིས་སྟོང་བཅོ་ལྔའི་ལོར་རེབ་གོང་རིག་གནས་ཀྱི་ཕོ་ཉ་ཞེས་པའི་གཟེང་རྟགས་ཐོབ། ཉིས་སྟོང་བཅོ་བརྒྱད་ལོར་ཕུལ་བྱུང་འཇོན་མིའི་མཚན་སྙན་ཐོབ། ཉིས་སྟོང་བཅུ་དགུའི་ལོར་རེབ་གོང་རིག་གནས་འཇོན་མི་གསོ་སྐྱོང་གི་དཔེ་སྟོན་ཁྱིམ་ཚང་དུ་བདམས། ཉིས་སྟོང་ཉི་ཤུའི་ལོར་ཞིང་ཆེན་རིམ་པའི་དཔེ་བཟང་མི་སྣར་བདམས། ཉིས་སྟོང་ཉེར་གཅིག་ལོར་ཐུན་རིན་གྲོང་ཁྱེར་གྱི་ཕུལ་བྱུང་སྲིད་གྲོས་ཨུ་ཡོན་གྱི་མཚན་སྙན་གནང་། མ་འོངས་པར་མུ་མཐུད་དུ་ཡུལ་མི་ཉེ་འབྲེལ་ཚོའི་རེ་བ་སྟོང་ཟད་དུ་མ་བཏང་བར་རེབ་གོང་ས་གནས་ཀྱི་རིག་གནས་འཕེལ་རྒྱས་ལ་རང་ནུས་ཅི་ཡོད་ཀྱིས་ཤུགས་རྒྱག་རྒྱུ་ཡིན།

མི་ཞིག་ལ་མཚོན་ན། ཚེ་འདིར་སྐྱེ་སྟོབས་ཀྱི་ཤེས་རབ་དང་སྦྱངས་སྟོབས་ཀྱི་ཡོན་ཏན། འཇོན་སྟོབས་ཀྱི་ཐབས་ལམ་སོགས་ལ་བརྟེན་ནས་རང་ཉིད་ཕྱུག་པོར་གྱུར་རྗེས། བདེ་སྐྱིད་ཀྱི་གཞི་མ་དེ་གཞན་ཕན་རོགས་སྐྱོར་གྱི་ལས་ལ་བཅོལ་རྒྱུ་ཡིན་ནམ། ཡང་ན་རང་དོན་འབའ་ཞིག་ལ་བཅོལ་རྒྱུ་ཡིན། སྐལ་བཟང་རྒྱ་མཚོ་ལ་མཚོན་ན། ལམ་དང་པོ་དེ་བདམས་ཤིང་ལས་དེར་སྤྲོ་བས་ཞུགས། ཁོ་རང་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་ལ་བར་མ་ཆད་པར་འགྲིམས་པ་ཞིག་མིན་ཡང་། ཐབས་ལམ་སྣ་ཚོགས་ལ་བརྟེན་ནས་ལྷ་རིས་མཁན་པོ་དུ་མ་དགེ་རྒན་དུ་བསྟེན་པ་དང་། རང་གི་བློ་རིག་ལ་བརྟེན་ནས་ཐང་གའི་སྒྱུ་རྩལ་གྱི་ཞིང་ཁམས་མྱུལ། བརྩོན་འགྲུས་ལ་བརྟེན་ནས་ཐང་ག་སྣ་ཚོགས་འབྲི་བཞེངས་བྱས། སྐད་རིགས་ལ་བརྟེན་ནས་མི་རིགས་གཞན་དག་དང་བསམ་བློ་བརྗེ་རེས་བྱས། འཇོན་ཐང་ལ་བརྟེན་ནས་ཐང་གའི་ཚོང་ལམ་གྱི་རྒྱ་བསྐྱེད། གཞན་ཕན་བསམ་བློ་ལ་བརྟེན་ནས་རོགས་སྐྱོར་ལ་བསམ་གཞིགས་བཏང་། དེ་ལྟར་ཟླ་ནས་ལོ་བརྩེགས་ཏེ་སྤྱོད་ལམ་འདི་དག་གི་རྒྱུན་བསྐྱངས་པ་ལས་སྒྱུ་རྩལ་གྱི་ཆ་ལ་བྱང་། མཐོང་ཐོས་རྒྱ་ཆེན་དུ་གྱུར། སེར་སྣའི་མདུད་པ་གྲོལ། ཉོ་ཚོང་བྲིན་པོ་བྱུང་སྟེ་རིམ་བཞིན་ཕྱུག་པོར་གྱུར། རང་གི་ལོངས་སྤྱོད་ཀྱི་བང་མཛོད་གཏམས་པར་གྱུར་རྗེས། གཞན་ཕན་རོགས་སྐྱོར་གྱི་སེམས་འདུན་མ་བོར་བར་སྡེ་མི་གཞན་པའི་དབུལ་ཐར་གྱི་བློ་སྒོ་ཕྱེ་ཞིང་ཕྱུག་འགྱུར་གྱི་ལམ་སྣ་དྲངས། དབུལ་སྐྱོར་གྱི་ལས་ལ་ཞུགས་ཏེ་རྒྱལ་ཁབ་ཀྱི་དབུལ་ཐར་མཁྲེགས་གཏོར་གྱི་དམིགས་འབེན་ཆེན་པོ་འདི་མངོན་འགྱུར་འབྱུང་བར་རང་ནུས་གང་ཡོད་འདོན་པའི་ལམ་ལ་ཞུགས།

ཉེ་བའི་ལོ་འགའི་རིང་ལ་ཐུན་རིན་གྲོང་ཁྱེར་གྱིས་རེབ་གོང་སྒྱུ་རྩལ་རིག་གནས་གཅིག་བསྡུས་ཡིན་པ་དང་གཟུགས་འདས་ཤུལ་བཞག་རིག་གནས་ཐོན་ཁུངས་ཀྱི་རྨང་མཐུག་པའི་ཁྱད་སྟོབས་ལ་བརྟེན་ནས། ཐོན་ལས་ཚུལ་སྒྱུར་རིམ་སྤོར་ཐད་འབད་པ་ཆེ་རུ་བསྐྱེད་པ་དང་། སྒྱུ་རྩལ་རིག་གནས་རྒྱུན་འཛིན་དར་སྤེལ་ཐད་སྣེ་ཁྲིད་དང་རྒྱབ་སྐྱོར་གང་མང་བྱས་ཏེ། གྲུབ་འབྲས་རབ་དང་རིམ་པ་བླངས་ཡོད། ཐུན་རིན་གྲོང་ཁྱེར་རིག་རྩལ་ཡུལ་སྐོར་རྒྱང་སྒྲོག་བརྙན་འཕྲིན་ཅུའུ་ཡི་ཅུའུ་ཀྲང་འོད་ཟེར་རྡོ་རྗེས་བཤད་རྒྱུར།


གསར་འགོད་པ། བོད་འབྲེལ་ཞིང་ཆེན་བཞིའི་བོད་སྐད་རླུང་བརྙན་འཕྲིན་མཉམ་འབྲེལ་བཅར་འདྲིའི་ཚན་ཆུང་།

དོ་དམ་པ། བསོད་ནམས་དོན་གྲུབ། 

ལྟ་སྐུལ་བ། དབྱངས་ཅན།

སྤྱིའི་ལྟ་སྐུལ་བ། ཆོས་ཕྱུག་རྒྱལ།