རང་ཞིང་གིས་བསྡོམས་པས་རིགས་མི་འདྲ་བའི་ཁྲིམས་སྐྱོང་རིག་གནས་བརྗོད་དོན་སྤྱི་གླིང་དང་ཐང་ཆེན། འགྲེམ་ཁང་། སྲང་ལམ་དང་གཞིས་ཁུལ་བཅས་སྟོང་བཞི་དང་ང་བཞི་འཛུགས་སྐྲུན་བྱས།
2021.10.11 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 21

གསར་འགོད་པས་ཟླ་བཅུ་བའི་ཚེས་དགུ་ཉིན་ཞིང་ཆེན་ཁྲིམས་འཛིན་ཐིན་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཉེ་བའི་ལོ་འགའི་རིང་ལ། རང་ཞིང་གིས་དམངས་ཡོངས་བཅའ་ཁྲིམས་ཁྱབ་གདལ་བྱ་བའི་གནས་ཚུལ་དངོས་ལ་དམ་དུ་དམིགས་ནས། ཁྲིམས་སྐྱོང་རིག་གནས་འཛུགས་སྐྲུན་བྱེད་རྒྱུ་དེ་ཁྱོན་ཡོངས་ནས་ཁྲིམས་ལྟར་ཞིང་ཆེན་བཅོས་སྐྱོང་བྱེད་པ་དང་། བདེ་འཇགས་མཚོ་སྔོན་དང་ཁྲིམས་སྐྱོང་མཚོ་སྔོན་འཛུགས་སྐྲུན་བྱེད་པའི་རྨང་གཞི་རང་བཞིན་གྱི་བཟོ་སྐྲུན་དུ་བརྩིས་ནས། ས་བབ་དང་བསྟུན་པ་དང་བརྟན་བརླིང་དང་གོ་རིམ་ལྡན་པའི་སྒོ་ནས་ཞིང་ཆེན་ཡོངས་ཀྱི་ཁྲིམས་སྐྱོང་རིག་གནས་འཛུགས་སྐྲུན་བྱས་པས། ཐོག་མའི་གྲུབ་འབྲས་བཟང་བོ་བླངས།

རང་ཞིང་གིས་ཁྲིམས་སྐྱོང་རིག་གནས་དང་ཁྲིམས་སྐྱོང་ལག་ལེན་གཉིས་ཟུང་འབྲེལ་བྱེད་པ་རྒྱུན་འཁྱོངས་བྱས་པ་དང་། ས་གཅིག་ལ་ཁྱད་ཆོས་གཅིག་དང་ས་གཅིག་ལ་ཚོང་རྟགས་གཅིག་གི་བྱ་བའི་འཆར་གཞི་ལྟར། གཙོ་གནད་ཡོད་པ་དང་རིམ་པ་བགོས་ནས་མཚོ་སྔོན་གྱི་ཁྱད་ཆོས་ལྡན་པ་དང་མང་ཚོགས་ཀྱི་དགོས་མཁོ་དང་མཐུན་པའི་ཁྲིམས་སྐྱོང་རིག་གནས་དཔེ་སྟོན་ས་ཆ་དང་ཡང་ན་དཔེ་སྟོན་རྟེན་གཞི་སྐོར་ཞིག་འཛུགས་སྐྲུན་བྱས་པ་དང་། ས་བབ་དང་བསྟུན་ནས་མཚོ་སྔོན་གྱི་ཁྱད་ཆོས་ལྡན་པའི་ཁྲིམས་སྐྱོང་སྤྱི་གླིང་དང་ཁྲིམས་སྐྱོང་ཐང་ཆེན། ཁྲིམས་སྐྱོང་བར་ཁྱམས། ཁྲིམས་སྐྱོང་སྒེའུ་ཁུང་བཅས་ཁྱད་ཆོས་ཆེན་པོ་བཞིའི་སྒྲིག་ཆས་འཛུགས་སྐྲུན་བྱས་ལ། ཟི་ལིང་གྲོང་ཁྱེར་མཁར་དཀྱིལ་ཁུལ་ནར་མ་སོན་པའི་མིའི་བཅའ་ཁྲིམས་ཁྱབ་གདལ་སློབ་གསོ་རྟེན་གཞི། ཟི་ལིང་ལྕགས་ལམ་འགྲིམ་འགྲུལ་ཞིབ་དཔྱིད་ཁང་ཁྲིམས་སྐྱོང་སློབ་གསོ་རྟེན་གཞི། མཚོ་སྔོན་ཁྲལ་དོན་བཅའ་ཁྲིམས་སློབ་གསོ་རྟེན་གཞི། གཏེར་ལེན་ཁ་གྲོང་ཁྱེར་དམངས་དོན་སྐོར་གྱི་ཁྲིམས་གཞུང་ཁྲིམས་སྐྱོང་རིག་གནས་སྤྱི་གླིང་སོགས་ཁྱད་ཆོས་ལྡན་པ་དང་རྩོལ་ནུས་སྒྲིག་ཆས་ཆ་ཚང་བའི་ཁྲིམས་སྐྱོང་རིག་གནས་གཡུལ་ས་བཅས་སྔ་གཞུག་ཏུ་བཀོལ་སྤྱོད་བྱེད་འགོ་བརྩམས་པ་དང་། ཁྲིམས་སྐྱོང་རིག་གནས་གཡུལ་ས་བརྟན་བརླིང་ངང་འཛུགས་སྐྲུན་བྱས། བསྡོམས་པས་རིགས་མི་འདྲ་བའི་ཁྲིམས་སྐྱོང་རིག་གནས་བརྗོད་དོན་སྤྱི་གླིང་དང་ཐང་ཆེན། འགྲེམ་ཁང་། སྲང་ལམ་དང་གཞིས་ཁུལ་བཅས་སྟོང་བཞི་དང་ང་བཞི་དང་། སྡེ་བའི་ཁྲིམས་སྐྱོང་དྲིལ་སྒྲོག་པང་ལེབ་སྟོང་ལྔ་དང་བདུན་བརྒྱ་ང་དགུ་འཛུགས་སྐྲུན་བྱས་ལ། ན་གཞོན་ལོ་ཆུང་གི་ཁྲིམས་སྐྱིང་སློབ་གསོ་ལག་ལེན་རྟེན་གཞི་བཅུ་བདུན་དང་ཁྲིམས་སྐྱོང་རིག་གནས་འཛུགས་སྐྲུན་དཔེ་སྟོན་གནས་གཞི་ཉི་ཤུ་འཛུགས་སྐྲུན་བྱས།

ཞིང་ཆེན་ཡོངས་ཀྱི་ས་ཆ་སོ་སོས་ས་དེའི་གནས་ཚུལ་དངོས་ལ་ཟུང་འབྲེལ་བྱས་ནས། ཁྲིམས་སྐྱོང་རིག་གནས་དཔེ་སྟོན་གནས་གཞི་དཔྱད་འདེམ་དང་ཕུལ་བྱུང་ཁྲིམས་སྐྱོང་སྡེ་ཁག་བཅུ་དང་ཕུལ་བྱུང་ཁྲིམས་སྐྱོང་མི་སྣ་བཅུ་བཅས་ཀྱི་དཔྱད་འདེམ་བྱ་འགུལ་སྤེལ་བ་དང་། རྒྱང་སྒྲོག་བརྙན་འཕྲིན་དང་ཚགས་པར་སྟེང་འབྲེལ་ཡོད་ལེ་ཚན་བསྒྲུབས་ལ། གྱོད་གཞི་བརྒྱུད་དེ་བཅའ་ཁྲིམས་གླེང་བ་དང་གྱོད་གཞི་བརྒྱུད་དེ་བཅའ་ཁྲིམས་འགྲེལ་བཤད་བྱས་ནས། མང་ཚོགས་ཀྱི་འཚོ་བ་དང་འབྲེལ་བའི་བཅའ་ཁྲིམས་ཁྲིམས་སྲོལ་འགྲེལ་ཀློག་བྱས། གྲོང་གསེབ་དང་ཞིང་སྡེ། འབྲོག་ཁུལ་ལ་ཁ་གཏད་དེ། གསར་སྐྲུན་རང་བཞིན་ལྡན་པའི་སྒོ་ནས་ཁྲིམས་སྐྱོང་མཛའ་གཞས་དང་བཅའ་ཁྲིམས་དང་ཀུན་སྤྱོད་ཀྱི་སྟེགས་བུ་བཙུགས་ནས་སྐོར་བསྐྱོད་བཅའ་ཁྲིམས་རིག་རྩལ་འཁྲབ་སྟོན་བྱ་འགུལ་སྤེལ་བ་དང་། རྟ་ཐོག་ཁྲིམས་སྐྱོང་སྒྲོག་འགྲེལ་རུ་ཁག་དང་འཕྲུལ་རྟའི་ཁྲིམས་སྐྱོང་སྒྲོག་འགྲེམ་རུ་ཁག དྲིན་གཟོ་སྒྲོག་འགྲེལ་རུ་ཁག་འཛུགས་པ་སོགས་རྣམ་པ་མང་པོ་བརྒྱུད་དེ་ཁྱིམ་ཚང་དུ་བསྐྱོད་པ་དང་སློབ་ར་དང་དགོན་སྡེ། ཁེ་ལས་བཅས་ལ་སོང་ནས་སྒྲོག་འགྲེལ་བྱས་པས། ལས་རིགས་སོ་སོས་བསྔགས་བརྗོད་ཆེན་པོ་ཐོབ། དམངས་དོན་དང་འབྲེལ་བའི་ཁྲིམས་གཞུང་སྒྲོག་འགྲེལ་ཚོགས་པ་དང་དགོན་སྡེའི་བཅའ་ཁྲིམས་སྒྲོག་འགྲེལ་ཚོགས་པ། སློབ་གྲྭ་ཆེན་མོ་བའི་བཅའ་ཁྲིམས་ཁྱབ་གདལ་དང་བླངས་པ་སོགས་བཙུགས་ནས། ཆེད་ལས་བཅའ་ཁྲིམས་དང་དམིགས་བསལ་ཡུལ་གནས་སོགས་མི་ཚོགས་མི་འདྲ་བའི་བཅའ་ཁྲིམས་ཁྱབ་གདལ་བྱེད་ཤུགས་སྔར་ལས་ཇེ་དྲག་ཏུ་བཏང་། རིག་རྩལ་བྱ་བ་སྒྲུབ་མཁན་དང་དམངས་སྲོལ་སྒྱུ་རྩལ་པའི་ནུས་པ་འདོན་སྤེལ་བྱས་ནས། ཁྲིམས་སྐྱོང་རིག་གནས་གསར་རྩོམ་ལ་སྐུལ་སློང་གཏོང་བ་དང་སྣེ་ཁྲིད་རྒྱབ་སྐྱོར་བྱས། ཁྲིམས་སྐྱོང་ཐད་ཀྱི་ཡིག་གཟུགས་དང་རི་མོ་འགྲེམ་སྟོན་དང་ཁྲིམས་སྐྱོང་པར་རིས་འགྲེམ་སྟོན། ང་དང་རྩ་ཁྲིམས་ཀྱི་བརྙན་རིས་ཐུང་ངུ། སློབ་རའི་ཁྲིམས་སྐྱོང་རིག་གནས་འགྲེམ་སྟོན་སོགས་ཁྱོན་ཡོངས་དང་རིམ་པ་མང་བའི་ཁྲིམས་སྐྱོང་རིག་གནས་བྱ་འགུལ་སྤེལ་ཏེ། ཁྲིམས་སྐྱོང་མཛའ་གཞས་དང་བཅའ་ཁྲིམས་དང་ཀུན་སྤྱོད་ཀྱི་སྟེགས་བུ་ཆེན་པོའི་སྐོར་ཞིབ་འཁྲབ་སྟོན་སོགས་ཁྱད་ཆོས་ལྡན་པའི་བྱ་འགུལ་སྐོར་ཞིག་སྤེལ།

                                                                                                       རིན་ཆེན་མཚོས་བསྒྱུར།