རྒྱལ་སྟོན་དུས་ཆེན་སྐབས་སུ་མཚོ་ནུབ་ཁུལ་ཡོངས་ཀྱི་གནས་སྐོར་ཡོང་སྒོ་སྒོར་དུང་ཕྱུར་གསུམ་ལ་ཉེ་བ་མངོན་འགྱུར་བྱུང་།
2021.10.13 ཁུངས། ཀློག་གྲངས། 34

ཉེ་ལམ་སོ་མ་མཇུག་སྒྲིལ་བའི་རྒྱལ་སྟོན་དུས་ཆེན་གྱི་ངལ་གསོའི་དུས་ཚོད་ནང་། གནས་སྐོར་འགྲོ་འོང་གི་ཚ་རླབས་འཕྱུར་ཞིང་། མཚོ་ནུབ་ཁུལ་ཡོངས་ཀྱི་གནས་སྐོར་རིག་གནས་ཁྲོམ་རའི་དགོས་མཁོ་ཇེ་ཆར་གྱུར་ཏེ། རིག་གནས་གནས་སྐོར་ཁྲོམ་རས་གནས་བབ་ལེགས་པོའི་ཡོང་སྒོ་མངོན་འགྱུར་བྱུང་།

ད་ལོའི་རྒྱལ་སྟོན་སྐབས་སུ། མཚོ་ནུབ་ཁུལ་ཡོངས་ཀྱི་བསྡོམས་པས་གནས་སྐོར་བ་མི་ཐེངས་འབུམ་ལྔ་ཁྲི་དྲུག་དང་དགུ་སྟོང་སུམ་བརྒྱ་སྣེ་ལེན་བྱས་ཤིང་། གནས་སྐོར་སྤྱིའི་ཡོང་སྒོ་སྒོར་དུང་ཕྱུར་གཉིས་དང་བྱེ་བ་དགུ་ས་ཡ་གཉིས་མངོན་འགྱུར་བྱུང་། དེ་དུས་མཉམ་ལས་སོ་སོར་བརྒྱ་ཆའི་སོ་ལྔ་དང་བརྒྱ་ཆའི་26འཕར་སྣོན་བྱུང་ནས། སྣེ་ལེན་མི་གྲངས་དང་གནས་སྐོར་སྤྱིའི་ཡོང་སྒོ་ཚང་མས་ཟིན་ཐོ་གསར་བ་བསྐྲུན།

རྒྱལ་སྟོན་དུས་ཆེན་གྱི་སྐབས་སུ། གནས་སྐོར་ལམ་ཐིག་ཐུང་ངུ་དང་འཆམ་འཆམ་ཁ་ཐོར་གནས་སྐོར། སྒེར་འཁོར་གནས་སྐོར་བཅས་ནི་ལྗོངས་ཁུལ་ཁྲོམ་རའི་གྲུབ་ཆ་གཙོ་བོ་ཡིན། ལྷག་པར་དུ་ཁུལ་ཡོངས་ཀྱི་གནས་སྐོར་རྨང་གཞིའི་སྒྲིག་ཆས་དང་འགྲིམ་འགྲུལ་མཚོན་རྟགས་མུ་མཐུད་འཐུས་ཚང་དུ་སོང་བ་དང་བསྟུན་ནས།སྒེར་འཁོར་གནས་སྐོར་བར་གནས་སྐོར་ཁོར་ཡུག་དེ་ལས་ལེགས་པོ་འདོན་སྤྲོད་བྱས། རྒྱུས་ལོན་པ་ལྟར་ན། དུས་ཆེན་སྐབས་སུ་ཁུལ་ཡོངས་ཀྱི་གནས་སྐོར་ཁྲོམ་རའི་ཁྲོད་སྒེར་འཁོར་གནས་སྐོར་བའི་ཟིན་ཚད་མང་ལ། ཁོ་ཚོའི་གནས་སྐོར་ལམ་ཐིག་གཙོ་བོ་ནི་ཚྭ་ཁ་ནམ་མཁའི་མེ་ལོང་ལྗོངས་ཁུལ་དང་ཚྭ་འདམ་ཆེ་བའི་གཡུ་མཚོ་ལྗོངས་ཁུལ། ཆུ་ཐོག་མཚམས་སྤྲིན་ས་དབྱིབས་ལྗོངས་ཁུལ་བཅས་ཡིན།

གནས་སྐོར་དཔལ་ཡོན་ཅན་དུ་བཞེངས་སྐྲུན་བྱེད་ཆེད། གནས་སྐོར་ལྗོངས་ཁུལ་སོ་སོས་དཔལ་ཡོན་ཅན་གྱི་གནས་སྐོར་བྱེད་པའི་དྲིལ་སྒྲོག་ལ་ཤུགས་བསྣན་ནས། གནས་སྐོར་བར་དཔལ་ཡོན་ཅན་གྱི་གནས་སྐོར་བྱེད་པར་སྣེ་ཁྲིད་བྱས། དུས་མཚུངས་སུ་གནས་སྐོར་ལྗོངས་ཁུལ་སོ་སོས་དུས་ཆེན་དང་ངལ་གསོའི་དུས་ཚོད་ནང་དུ་བདེ་ཐང་བཤེར་ཨང་དང་འགྲོ་སྐྱོད་བཤེར་ཨང་གཟབ་ནན་སྒོས་ལག་བསྟར་བྱས་ཤིང་། གནས་སྐོར་བའི་ལུས་པོའི་ཚ་དྲོད་གཟབ་ནན་སྒོས་འཇལ་བ་དང་དུག་སེལ་བྱེད་པ། རླུང་རྒྱུ་རུ་འཇོག་པ་སོགས་ཀྱི་བྱེད་ཐབས་སྤྱད་པ་དང་། ཚན་རིག་ལྟར་གནས་སྐོར་བ་ཁག་བགོས་ལམ་སྟོན་བྱས་ནས། རིམས་ནད་གནས་ཚུལ་མི་འབྱུང་བར་བརྟན་སྲུང་བྱས་ལ། འབྲེལ་ཡོད་སྡེ་ཁག་གིས་རིག་གནས་གནས་སྐོར་ཁྲོམ་རའི་བྱ་བར་ཞིབ་བཤེར་ནན་མོ་བྱས་ཤིང་། དུས་ཆེན་སྐབས་ཀྱི་གནས་སྐོར་ཁྲོམ་རའི་ཁོར་ཡུག་ལེགས་པོ་བཞེངས་སྐྲུན་ལ་ཧུར་བརྩོན་བྱས་ནས། གནས་སྐོར་བའི་ཡིད་ཚིམ་ཚད་མུ་མཐུད་མཐོ་རུ་བཏང་།

                                                                                      གསར་འགོད་པ།    བསོད་རྡོ།