རང་ཞིང་གིས་མཁར་གྲོང་གི་དཀའ་ཁག་ཅན་གྱི་མང་ཚོགས་ལ་དགུན་དུས་ཀྱི་དྲོད་འདོན་རོགས་སྐྱོར་མ་དངུལ་སྒོར་དུང་ཕྱུར་གཅིག་དང་བྱེ་བ་གཉིས་ས་ཡ་བཞི་བྱིན།
2021.10.17 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 26

ཟླ་བཅུ་པའི་ཚེས་བཅུ་བཞི་ཉིན། མཚོ་སྔོན་ཞིང་ཆེན་དམངས་སྲིད་ཐིན་གྱིས་བསྒྲགས་པའི་གཞི་གྲངས་ལྟར་ན། མཚོ་སྔོན་ཞིང་ཆེན་གྱིས་མཁར་གྲོང་གི་དཀའ་ཁག་ཅན་གྱི་མང་ཚོགས་ལ་དགུན་དུས་ཀྱི་དྲོད་འདོན་རོགས་སྐྱོར་མ་དངུལ་སྒོར་དུང་ཕྱུར་གཅིག་དང་བྱེ་བ་གཉིས་ས་ཡ་བཞི་བྱིན་ནས། མཁར་གྲོང་གི་དཀའ་ཁག་ཅན་གྱི་ཁྱིམ་ཚང་འབུམ་གཅིག་དང་ཁྲི་བཞི་སྟོང་དྲུག་ལ་ཕན་བཏགས།

སྟོན་ཀའི་ཚུན་དུ། ཞིང་ཆེན་ཡོངས་ཀྱི་ས་ཆ་སོ་སོའི་དམངས་སྲིད་སྡེ་ཁག་གིས་ཞིང་ཆེན་དམངས་སྲིད་ཐིན་གྱི་བྱ་བའི་བཀོད་སྒྲིག་ལྟར། གྲོང་ཁྱེར་གྱི་མ་མཐའི་འཚོ་བར་འགན་སྲུང་བྱེད་པའི་ཁྱིམ་ཚང་དང་གྲོང་ཁྱེར་གྱི་ཧ་ཅང་དབུལ་བོ་ཡིན་པའི་གསོ་སྐྱོང་ཁྱིམ་ཚང་རེ་རེར་ལོ་རེར་སྒོར་སྟོང་གཅིག་དང་། ཞིང་སྡེའི་མ་མཐའི་འཚོ་བར་འགན་སྲུང་བྱེད་པའི་ཁྱིམ་ཚང་དང་ཞིང་སྡེའི་ཧ་ཅང་དབུལ་བོ་ཡིན་པའི་གསོ་སྐྱོང་ཁྱིམ་ཚང་རེ་རེར་ལོ་རེར་སྒོར་བརྒྱད་བརྒྱའི་ཚད་གཞི་ལྟར་དགུན་དུས་ཀྱི་དྲོད་འདོན་རོགས་སྐྱོར་མ་དངུལ་བྱིན། མིག་སྔར་བར་དུ། སྒོར་དུང་ཕྱུར་གཅིག་དང་བྱེ་བ་གཉིས་ས་ཡ་བཞི་བྱིན་ཚར་བ་དང་། མཚོ་སྔོན་ཞིང་ཆེན་གྱི་རིམ་པ་སོ་སོའི་དམངས་སྲིད་སྡེ་ཁག་གིས་ད་དུང་དཀའ་ཁག་ཅན་གྱི་མི་ཚོགས་གཞན་པའི་གཞི་རྩའི་འཚོ་བར་དོ་སྣང་ཆེན་པོ་བྱེད་ཀྱིན་ཡོད་པར་མ་ཟད། དྲོད་འདོན་རོགས་སྐྱོར་བྱིན་རྗེས་ད་དུང་དཀའ་ངལ་ཡོད་པའི་ཁྱིམ་ཚང་ལ། དུས་ཐོག་ཏུ་གནས་སྐབས་ཀྱི་རོགས་སྐྱོར་བྱེད་པ་བརྒྱུད་དེ་ཐག་གཅོད་རྒྱུ་རེད།

ཞིང་ཆེན་དམངས་སྲིད་ཐིན་གྱིས་ད་དུང་དགུན་དུས་དྲོད་ཁོལ་སྐྱེལ་བའི་ཆེད་དོན་རོགས་སྐྱོར་འགུལ་སྐྱོད་སྤེལ་རྒྱུའི་བཀོད་སྒྲིག་བྱས་ཡོད། ཟླ་བཅུ་པའི་ཚེས་བཅོ་ལྔ་ཉིན་ནས་སང་ལོའི་ཟླ་བཞི་པའི་ཚེས་བཅོ་ལྔ་ཉིན་བར། ཞིང་ཆེན་ཡོངས་ཀྱི་ཁྱབ་ཁོངས་ནང་འཚོ་བ་ངེས་གཏན་མེད་པའི་ཡུལ་གྱར་བ་དང་སློང་མོ་བ་སོགས་དཀའ་ཁག་ཡོད་པའི་མི་སྣར་ཁྲིམས་ལྟར་རང་འགུལ་གྱིས་རོགས་སྐྱོར་བྱས་ཏེ། ཁོ་ཚོས་བདེ་འཇགས་དང་དྲོད་ཁོལ་ལྡན་པའི་དགུན་ཁ་ཞིག་རོལ་བར་ཁག་ཐེག་བྱེད་རྒྱུ་རེད།

རིན་ཆེན་མཚོས་བསྒྱུར།